ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༨ རེས་གཟའ་ཉི་མ།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༧ དང་བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་སྐྱེས་རབས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོའི་བཀའ་ཆོས་དང་། ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འཆར་ཅན་གྱི་སྨོན་ལམ་གསུང་ཆོས་དེ་ཕྱོགས་གཅིག་ནས་བཙན་བྱོལ་ལ་གནས་ཡོད་པ་དང་། གཉིས་ནས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་པོ་རུབ་རུབ་བྱེད་མི་ཐུབ་སྟབས་དྲ་རྒྱའི་ཐོག་ནས་སྨོན་ལམ་གྱི་གསུང་ཆོས་བྱེད། ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་སྨོན་ལམ་གྱི་མཛད་སྒོ་རྣམས་ནམ་རྒྱུན་ཧ་ཅང་རྙོག་དྲ་ཡོད་པ་རེད། ངོས་ལ་ཆ་བཞག་ན་སྐམ་ཚོགས་ལ་བདེ་སྨོན་འདོན་ནས་བསྟན་འབར་མའི་གདངས་གཏོང་དགོས་པ་རེད། དེར་བརྟེན་སྐམ་སྦྱངས་ཉིན་མང་པོར་བྱེད་པ་རེད། རྩེ་ཉི་འོད་ནང་དུ་ངོས་ཀྱིས་མར་བསྐྱོར་ནས་འགྲོ་གི་ཡོད།སྐམ་ཚོགས་འཚོགས་པའི་སྐབས་སུ་སྐམ་ཚོགས་མགོ་ནས་མར་བྱང་འདྲེན་ཚོས་འདོན་པ་འདོན་དུས་ངོས་ཀྱིས་བདེ་སྨོན་འདོན་དགོས་པས་སེམས་ཚ་ཤུར་སྡོད་པ་མ་གཏོགས་གཡས་གཡོན་མཐོང་གི་མི་འདུག ནམ་ཞིག་ཚེ་ཡི་འདུ་བྱེད་སྟོང་བ་ན། །ཞེས་པའི་ཚིགས་བཅད་དེ་བྱང་འདྲེན་གྱིས་མར་སྐུལ་ནས་བརྗོད་སྐབས་གཞི་ནས་མདུན་དུ་ཕུག་རོན་སོགས་ཡར་མར་འགྲོ་བཞིན་པ་དྲན་པ་ལྟ་བུ་སོས་ནས་མཐོང་བ་ལྟ་བུ་བྱུང་། མ་གཞི་བདེ་སྨོན་འདོན་པ་ནི་ཏོག་ཙམ་རྙོག་དྲ་ཡོད་པ་དེ་ངོས་རང་གཅིག་པུའི་གནས་ཚུལ་མ་རེད། སྔོན་མ་ཁྲི་པ་སུ་ཡིན་མིན་ཡག་པོ་དྲན་གྱི་མི་འདུག་ཀྱང་། ཁྲི་པ་སྐམ་ཚོགས་ལ་ཕེབས་དགོས་པ་རེད། སྐམ་ཚོགས་ལ་བཞུགས་བཞིན་པའི་སྐབས་སུ་གློ་བུར་དུ་སྤྱན་གསལ་གླིང་ག་ནས་སྐུ་མདུན་སྐུ་གོང་མས་ཁྲི་པ་ནོར་བུ་གླིང་གར་ཤོག་ཅེས་བཀའ་བྱུང་བ་རེད། ཁྲི་པ་བཞུགས་ཁྲིའི་སྟེང་ཡར་བཞེངས་ནས་ནོར་བུ་གླིང་གར་ཕེབས་པ་རེད། དེའི་ཚབ་ལ་ཤར་པ་ཆོས་རྗེའམ་བྱང་རྩེ་ཆོས་རྗེ་གང་རུང་ཞིག་བཞུགས་པ་རེད། ཁོང་ཞེད་ནས་རྗེས་ལ་བཞུགས་ཁྲིའི་སྒང་ལ་གཅིན་པ་ཤོར་བ་རེད་ཟེར་གྱི་འདུག ངོས་རང་གཅིན་པ་ཤོར་མ་མྱོང་ཡང་ཧ་ཅང་འཚབ་མྱོང་།
དེ་རིང་འདིར་ཕྱོགས་གཅིག་ནས་བཙན་བྱོལ་ལ་གནས་ཡོད་པ་དང་། གཉིས་ནས་ནད་ཡམས་ཀྱི་རྐྱེན་གྱིས་ཚོགས་ཆེན་པོ་བྱས་ཏེ་རུབ་རུབ་བྱེད་རྒྱུ་ཡོང་གི་མེད། དྲ་རྒྱའི་ཐོག་ནས་འགྲོ་བཞིན་ཡོད་པས་གནད་འགག་མི་འདུག གཅིག་བྱས་ན་བོད་ཕྱི་ནང་གང་སར་ཁྱབ་བཞིན་ཡོད་པར་བརྟེན་ང་ཚོ་མི་ཉུང་ཤས་ཤིག་ཚོགས་ནས་བདེ་སྨོན་འདོན་པ་ལས་དྲ་རྒྱའི་བརྒྱུད་བཤད་ཡོང་དུས་བོད་རྒྱ་ཁྱབ་ཡོངས་ལ་ཁྱབ་འགྲོ་བ་དང་། རྒྱ་ནག་ཏུའང་དོ་སྣང་བྱེད་མཁན་ཡོད། དེར་བརྟེན་དེ་རིང་འདིར་སྨོན་ལམ་གྱི་ཆོས་བཤད་བྱེད་པའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་བོ་བྱུང་། སྔོན་གཞི་ལ་འཆར་ཅན་ལུགས་སྲོལ་ཡོད་པ་ནང་བཞིན་སྐྱེས་རབས་ཉུང་ཙམ་བཤད་རྒྱུ་དང་། དེ་ནས་ངོས་ཀྱིས་དང་དོད་བྱས་ཏེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའམ་རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་འདོན་དགོས་བསམ་བྱུང་།སྔོན་ལ་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་བཤད་ན། བོད་རྒྱ་ཁྱབ་གང་སར་གོ་བཞིན་ཡོད་པ་མ་ཟད། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་ཚོས་ཀྱང་གོ་ཡི་ཡོད། ང་ཚོ་དུས་རབས་ཉེར་གཅིག་གི་ནང་ལ་སླེབས་ཡོད། ང་ཚོ་བོད་པ་མང་པོ་ཞིག་བཙན་བྱོལ་བ་ཆགས་ནས་གནས་ཡོད། ཕྱོགས་ཡོངས་ནས་བཤད་ན་སངས་རྒྱས་ཀྱི་བསྟན་པ་འདི་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུངས་ཡོད་པ་དང་། ཅུང་ཙམ་དབང་པོ་རྣོ་བོ་ཞིག་ཡིན་ན་དད་པ་གཅིག་པུ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཞིག་ཡིན། གང་ལྟར་དེང་སྐབས་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་། ཕྱོགས་གཅིག་ནས་བསམ་བློ་བཏང་ན་བཙན་བྱོལ་བ་ཆགས་པ་དེ་རྐྱེན་ངན་གྲོགས་ལ་ཕྱིན་པ་ལྟར་གྱུར་ཏེ། བོད་ལ་ཆོས་དང་རིག་གཞུང་གང་ཡོད་པ་དེ་འཛམ་གླིང་འདིའི་སྒང་ལ་མཐོང་ཐུབ་པ་ཞིག་དང་། ལྷག་པར་ཆོས་ལུགས་གཞན་གྱི་ནང་ནས་ཀྱང་དོ་སྣང་སླེབས་པ་མ་ཟད། ཚན་རིག་པའི་ནང་ནས་ཀྱང་དོ་སྣང་སླེབས་པ་ཞིག་ཆགས་ཡོད་པས་ང་ཚོར་རྐྱེན་ངན་གྲོགས་ལ་ཤར་བ་ཏན་ཏན་རེད།
དེ་རིང་བོད་ཀྱི་ལོ་རྒྱུས་ཅུང་ཙམ་ཞིག་བཤད་འདོད་བྱུང་། སྔར་དུས་རབས་བདུན་པའི་ནང་བྱོན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དག་སྣང་སྦྱངས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རེད་ཅེས་བཤད་སྲོལ་ཡོད་ཀྱང་། ཐུན་མོང་སྣང་ངོ་ལ་བསམ་བློ་ཧ་ཅང་རྒྱ་ཆེན་པོ་དང་། ཕུགས་རྒྱང་རིང་པོའི་བསམ་བློ་འཁོར་ཐུབ་མཁན་ཞིག་རེད། དངོས་གནས་བྱས་ན་རྒྱ་བཟའ་དང་ཁྲུང་ས་སྐྱོན། རྒྱ་བཟས་རྒྱ་ནག་ནས་ལྷ་སའི་གཙུག་ལག་ཁང་གི་ཐུབ་པའི་དབང་པོའི་སྣང་བརྙན་གདན་འདྲེན་ཞུས་ཏེ་ཧ་ཅང་ཉེ་བོ་ཡོད་ཀྱང་། བོད་པ་རང་ལ་ཡི་གེ་ཞིག་བཟོ་དགོས་ཀྱི་འདུག་གསུངས་ནས་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ནས་བོད་ལ་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་གསར་དུ་བཟོས་འདུགངས་མཚམས་རེར་རྩེད་མོ་དང་བསྟན་བཤིག་སྦྲགས་མ་བྱས་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་བཟའ་དང་ཁྲུང་ས་སྐྱོན་ནས། རྒྱའི་ཁ་ཟས་བྲོ་བ་ཆེན་པོ་དང་ཧ་ཅང་རྣམ་གྲངས་མང་པོ་ཡོད་པ་དེ་དག་མཉེས་ཐག་ཆོད་བྱས་ནས་བཞེས་ཀྱི་ཡོད་ཀྱང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡིག་དེ་རྙོག་དྲ་ཚ་བོ་ཞིག་ཏུ་དགོངས་ནས། བོད་པའི་ཡི་གེ་གསར་པ་བཟོས་ན་ཡག་པོ་འདུག་ཅེས་རྒྱ་ཡིག་ལ་དཔེ་མ་བལྟས་པར། རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ནས་བོད་ལ་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་གསར་དུ་བཟོས་འདུག་པ་རླབས་ཆེན་དང་གྲུང་པོ་རེད། དེ་ལྟར་སོ་སོ་རང་ལ་བོད་ཡིག་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྒྱ་ནག་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ཀྱང་། ནང་པའི་ཆོས་དེ་རྒྱ་གར་རང་ལ་ཁུངས་གཏུག་ན་ཡག་པོ་འདུག་དགོངས་ནས། དུས་རབས་ ༨ ནང་ལ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་ལྟར། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ཁྱོད་ཚོ་བོད་པ་ལ་བོད་ཡིག་ལོགས་སུ་འདུག ལེགས་སྦྱར་གྱི་སྐད་དང་པཱ་ལི་སློབ་མི་དགོས་པར་ལེགས་སྦྱར་གྱི་གཞུང་དང་། པཱ་ལིའི་གཞུང་གི་ནང་ལ་ཡོད་པ་རྣམས་བོད་ཡིག་ནང་ལ་བསྒྱུར་ན་ཡག་ཡོད་ཅེས་གསུངས་འདུག
ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཀྱིས་ངོས་ལ་མཁན་ཆེན་ཞི་བ་འཚོ་ཁོ་རང་གིས་ཀྱང་བོད་ཡིག་ལ་ཐུགས་སྣང་གནང་འདུག་ཅེས་བཤད་མཁན་བྱུང་། གང་ལྟར་ལོགས་སུ་ཡོད་པའི་བོད་ཡིག་གི་ནང་ལ་ལེགས་སྦྱར་གྱི་ནང་ཡོད་པ་དང་། པཱ་ལིའི་གཞུང་ལ་ཡོད་པ་མང་པོ་ཞིག་ཚུར་བསྒྱུར་ནས། ད་ལྟ་ཡོངས་གྲགས་ལ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་སྟེ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཡོད་པ་དེ་དག་བོད་ཡིག་གི་ནང་ལ་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་ཡོད་པ་ཞིག་གནང་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་ལོགས་སུ་བཟོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་གཞུང་མང་པོ་ཞིག་བོད་ཡིག་ནང་ལ་བསྒྱུར་བ་རེད།དེ་ནས་རིམ་པས་བོད་ཀྱི་ལོ་ཙཱ་བ་མང་པོ་རྒྱ་གར་ལ་ཕེབས་ནས་རྒྱ་གར་གྱི་མཁས་པའི་གཞུང་ལ་སློབ་སྦྱོང་བྱས་པ་རེད། མཁན་ཆེན་ཞི་བ་འཚོ་ནཱ་ལེནྡྲ་ནས་ཕེབས་པ་ཡིན་སྟབས། པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཡོད་པའི་ནང་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གཙོ་བོ་ཆགས་ཡོད་པར་བརྟེན་དེང་སྐབས་འཛམ་གླིང་འདིར་ལེགས་སྦྱར་གྱི་ཆོས་བརྒྱུད་སློབ་གཉེར་བསྐྱངས་ནས། ཐོས་བསམ་སྒོམ་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གཙོ་བོ་དེ་བོད་པ་རེད། སྤྱིར་རྒྱ་ནག་གི་ཆོས་བརྒྱུད་དེ་ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་བརྟེན་ཡོད་ནའང་སློབ་སྦྱོང་ཤུགས་ཆེན་པོ་མེད་པའི་བཟོ་འདུག
གཉིས་ནས་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མ་ཀུན་བཏུས་དང་། ཚད་མ་རྣམ་འགྲེལ་སོགས་རྒྱ་ཡིག་ནང་ལ་བསྒྱུར་ཡོད་འདུག་ཀྱང་། སློབ་སྦྱོང་བྱེད་ཀྱི་མེད་པ་འདྲ། བོད་ཀྱིས་འདུལ་བའི་སྐོར་དེ་དག་པཱ་ལའི་གཞུང་ནས་བསྒྱུར་བ་དང་། དེ་མིན་ཤེར་ཕྱིན་གྱི་གཞུང་སོགས་དང་སྔགས་ཀྱི་སྐོར་དེ་དག་ལེགས་སྦྱར་ནས་བསྒྱུར་ཏེ་དེང་སང་སྤྱིར་སངས་རྒྱས་ཀྱི་ཆོས་དང་། དེའི་ནང་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཡོད་པའི་གཞུང་སྤྱི་དེ་བོད་ནང་ཡོད་པ་ནང་བཞིན་སུ་ལའང་མེད། ཧ་ཅང་ཕྱུག་པོ་རེད་འདུག
དེང་སང་ཕན་ཚུར་འབྲེལ་བ་རྒྱ་ཆེ་རུ་ཕྱིན་པའི་སྐབས་ལ་འབར་མ་དང་། ཐའེ་ལན་ཊི། ཤྲཱི་ལངྐ་ལ་ཡོད་པའི་ནང་པ་ཚོས་དེ་སྔ་བོད་ཀྱི་ཆོས་ལ་ཐེག་ཆེན་གྱི་ཆོས་རེད་ཅེས་ཏོག་ཙམ་མ་བདེ་བ་དང་ཐག་རིང་པོ་བྱེད་ཀྱང་། ཐུག་ནས་སྐད་ཆ་བཤད་སྐབས་པཱ་ལིའི་གཞུང་གིས་རིགས་པའི་ཐོག་ནས་བཤད་རྒྱུ་དེ་ཙམ་མེད་པར་བརྟེན། པཱ་ལིའི་གཞུང་ནང་ཡོད་པ་དེ་དག་ཁུངས་བཅོལ་སའམ་རིགས་པའི་ལམ་ནས་སྒྲུབ་པ་དེ་བོད་ལ་ཡོད་པའི་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད།ངོས་ཀྱིས་ཐའེ་ལན་ཊའི་ངོ་ཤེས་དགེ་སློང་དེ་འདྲ་ལ་རྩེད་མོ་དང་སྦྲགས་ནས་ཁྱོད་ཚོ་པཱ་ལིའི་ཆོས་བརྒྱུད་རྐྱང་རྐྱང་བྱེད་མཁན་ཚོ་མི་ལ་སོ་མེད་པ་དང་གཅིག་མཚུངས་རེད། ཚད་མའི་གཞུང་དང་དབུ་ཕར་གྱི་གཞུང་ལ་སློབ་སྦྱོང་བྱས་མེད་པས། དོན་དག་མཁྲེགས་པོ་ཞིག་ལ་ཐུག་དུས་མུར་ནས་སྡོད་པ་མ་གཏོགས་བྱ་རྒྱུ་མེད། ང་ཚོ་བོད་པས་ཚད་མའི་གཞུང་དང་། གཞུང་ཆེན་མོ་དེ་དག་སློབ་ཀྱི་ཡོད་སྟབས། མཁྲེགས་པོ་ག་ཚོད་ཡོད་ཀྱང་སོ་བརྒྱབ་ནས་ཟ་ཐུབ་ཀྱི་རེད་ཅེས་བཤད་ཀྱི་ཡོད། ང་ཚོ་བོད་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ། སྔར་གྱི་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་རྒྱལ། ལོ་པཎ་དེ་དག་ཚང་མས་འཛམ་གླིང་སུ་གཅིག་ལའང་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་ཞིང་སྤུས་དག་པོ་ཞིག་བོད་ལ་གནང་འདུག
དེང་སང་ཆབ་སྲིད་ཀྱི་ཐོག་ནས་ང་ཚོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་ཀྱང་བཤད་མ་ཐག་པ་བཞིན་རྐྱེན་ངན་གྲོགས་ཤར་དུ་གྱུར་ཡོད། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་དངོས་གནས་དྲང་གནས་དད་པ་སོགས་རྩེ་གཅིག་ཏུ་འདུག དེ་ལྟར་ཡོང་བ་དེ་ཡང་ང་ཚོ་ལ་སངས་རྒྱས་ཀྱི་ཆོས་གཏིང་ཟབ་་ཡོད་པས་ཆབ་སྲིད་ཀྱི་སློབ་གསོ་འདྲ་མི་འདྲ་ག་ཚོད་བྱུང་བ་དང་། དེ་བཞིན་སྡུག་སྦྱོང་ག་ཚོད་བྱུང་བ་ཡིན་ནའང་འགྱུར་བ་ཐེབས་ཀྱི་མེད། དེར་བརྟེན་ བོད་ལ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཧ་ཅང་བརྟན་པོ་ཞིག་ཚུགས་ཡོད།
དེ་སྔ་ང་ཚོ་འཛམ་གླིང་ཕྱི་ལོགས་ལ་འབྲེལ་བ་ཅང་མེད་ཀྱང་། ང་ཚོ་བཙན་བྱོལ་བ་ཆགས་པ་ནས་འཛམ་གླིང་ཕྱི་ལོགས་ལ་འབྲེལ་བ་བྱེད་རྒྱུ་ལས་སླ་པོ་ཞིག་ཆགས་ཡོང་དུས་འཛམ་གླིང་གང་སར་བོད་ཀྱི་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཞིག་ཡོང་གི་འདུག བོད་ཀྱི་རིག་གཞུང་གིས་ཚད་མ་རིག་པ་དེ་ཧ་ལས་པ་ཞིག་བཤད་ཀྱི་ཡོད་པ་མ་ཟད། སེམས་ཁམས་རིག་པ་ལ་གཏིང་ཟབ་པའི་སློབ་སྦྱོང་བྱེད་ཀྱི་ཡོད་པས་མཁས་པ་མང་པོས་དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་ཆགས་འདུག དེ་ལ་བོད་ནང་ཡོད་པའི་བོད་རྒྱ་ཆེའི་མི་མང་གིས་སྤོབས་པ་བྱེད་དགོས། ཆོས་ཁས་མི་ལེན་པའི་གུང་ཁྲན་ཏང་ཡོན་ཀླད་པ་མཁྲེགས་པོའི་གྲས་ཀྱིས་བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་སོགས་མང་པོ་བྱེད་ཀྱི་ཡོད་ཀྱང་། ཤེས་ཡོན་ཅན་ཞིག་ཡིན་ན་རྒྱུ་མཚན་ལ་ལྟ་བ་རེད། རྒྱུ་མཚན་ལ་བལྟས་ན་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་རྒྱུ་མཚན་གཏིང་ཟབ་ཡོད། དམར་པོའི་རིང་ལུགས་ཀྱི་ལྟ་བར་མགོ་སྟོད་མང་ཚོགས་སྐྱོ་བོ་རྣམས་ཀྱི་དོན་ལ་བསམ་བློ་བཏང་བ་ཞིག་ཆགས་ནས་སྔ་མོ་མའོ་ཙེ་ཏུང་དང་ངོས་གཉིས་ངོ་ཤེས་ཧ་ཅང་ཡག་པོ་ཡིན། སྤྱི་ཚོགས་རིང་ལུགས་དང་དེའི་སྐོར་བཤད་དུས་ཡིད་འཕྲོག་པ་དང་། དངོས་གནས་ཡག་པོ་རེད་དྲན་གྱི་ཡོད། རྒྱ་ཆེ་ངལ་རྩོལ་མི་མང་རྣམས་དམིགས་བསལ་ཐོབ་དང་། ལྟོ་གོས་ཡར་རྒྱས་གཏོང་རྒྱུ་སོགས་བཤད་དུས་ཧ་ཅང་ཡིན་མདོག་ཁ་པོ་ཡོད་ཀྱང་བར་སྐབས་ནས་དེ་མི་འདུག
སྔོན་མ་ངོས་ཀྱི་ངོ་ཤེས་པ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡོད། ཁོང་ནམ་རྒྱུན་སྤྱི་ཚོགས་རིང་ལུགས་ལ་ཧ་ཅང་དགའ་པོ་ཡོད་པས་རྒྱ་ནག་ལ་ཡང་དགའ་པོ་ཡོད། ང་ཚོ་ཞི་བདེ་གཟེངས་རྟགས་བཞེས་མཁན་རྣམས་ཚོགས་འདུ་ཚོགས་ནས་རུབ་རུབ་བྱེད་སྐབས། ཁ་ཤས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ན་ཁོང་གིས་ཏོག་ཙམ་མི་བདེ་བ་བྱེད་ཀྱི་ཡོད། དེ་ནས་ལོ་ཁ་ཤས་ཕྱིན་རྗེས་ངོས་རང་ཁོང་ཚར་གཅིག་ཐུག་སོང་། སྔོན་མ་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཡིན་སྐབས་ཁྱོད་རང་མོས་པ་ཡོད་པས་ད་ལྟ་ཅི་འདྲ་རེད་ཅེས་དྲིས་པར། ད་རྒྱ་ནག་སྤྱི་ཚོགས་རིང་ལུགས་མ་རེད། མ་རྩ་རིང་ལུགས་སྡུག་ཤོས་དེ་ཆགས་ཡོད་པ་རེད་ཅེས་བཤད་སོང་།
དེ་སྔ་མའོ་ཙེ་ཏུང་ཡོད་པའི་སྐབས་དང་། དམར་དམག་རྒྱང་བསྐྱོད་བྱེད་མཁན་གྲས་ཀྱི་མི་དེ་དག་གིས་དངོས་གནས་དྲང་གནས་མི་མང་ལ་བསམ་བློ་གཏོང་བ་དང་། ལྷག་པར་ངལ་རྩོལ་མི་མང་གི་དོན་དག་ལ་བསམ་བློ་བཏང་ནས་གང་ཙམ་ཡག་པོ་ཡོད། ངོས་ལ་ཆ་བཞག་ནའང་པེ་ཅང་ལ་ཡོད་སྐབས་ཨ་གསར་གྱི་བཟོ་ལྟ་བུ་བྱས་ནས་གུང་ཁྲན་ཏང་གི་ནང་ལ་འཛུལ་གྱི་ཡིན་བརྗོད་མྱོང་། སྔོན་མ་དེ་འདྲ་ཞིག་ཡོད་ཀྱང་བར་སྐབས་ངོས་ཀྱི་ངོ་ཤེས་པ་དེས་བཤད་པ་བཞིན་རྦད་དེ་ཉམས་ནས། དབུལ་ཕྱུག་གི་ཧེ་བག་ཧ་ཅང་ཆེན་པོ་ཆགས་ཏེ་རྙོག་དྲ་འདུག གང་ལྟར་བོད་རྒྱ་ཆེའི་མི་མང་རྣམས་ཀྱིས་ད་ལྟའི་བར་དངོས་གནས་དྲང་གནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་རྒྱ་ཆེན་པོ་མ་ཤེས་ནའང་དད་པ་རང་གི་ཐོག་ནས་བཟུང་ཡོད། དེང་སང་ངོས་ཀྱིས་དོ་སྣང་ཡོང་པ་ཞིག་ལ། བོད་རྒྱ་ཆེའི་མི་མང་རྒན་གཞོན་མེད་པ་ཚང་མས་གཙུག་ལག་ཁང་གི་མདུན་ནས་ཕྱག་འཚལ་རྒྱུའི་མཚོན། དཔེར་ན། ངོས་རང་སྐྱེ་སའི་ཟི་ལིང་གི་གཞོན་སྐྱེས་དེ་དག་གིས་ཀྱང་ཐུབ་དབང་གི་སྐུ་ལ་ཕྱག་འཚལ་བ་སོགས་ཚང་མ་ཧ་ཅང་ཆོས་དད་བརྟན་པོ་འདུག་པ་དེ་ང་ཚོ་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད།
ད་ལྟའི་བར་དུ་དད་པ་དེས་བཟུང་བ་རེད་ལ། མ་འོངས་པར་རིམ་པས་རིགས་པ་དང་ལྡན་པའི་སངས་རྒྱས་པའི་ཆོས་དེ་རྒྱ་ནག་ནང་ལའང་དར་སྲོལ་ཡོང་གི་རེད། དེ་བཞིན་དུ་རྒྱ་ཧོར་བོད་གསུམ་གྱི་ནང་ལ་བོད་ཀྱི་ནང་ཆོས་རིམ་བཞིན་ཤུགས་ཆེན་པོ་ཁྱབ་ཐུབ་པ་ཞིག་ཆགས་ཡོད། བོད་རྒྱ་ཆེ་མི་མང་ཚང་མ་སེམས་སྐྱིད་པོ་དང་། བག་ཕེབས་པོ་བྱས་ནས་སྡོད། རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་སྤོབས་པ་བྱེད་དགོས་པ་ཞིག་ཏན་ཏན་རེད། འདི་ངོས་ཀྱིས་བོད་ནང་གི་རྒྱ་ཆེ་མི་མང་ཚོར་བཤད་འདོད་བྱུང་། འདི་སེམས་ལ་ངེས་པ་བྱོས།
དེ་ནས་བཤད་འདོད་པ་ཞིག་ལ། བོད་ནང་ལ་ཡོད་པའི་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་ཆེན་པོ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟ་བཤད་མ་ཐག་པའི་བཀའ་འགྱུར་དང་བསྟན་འགྱུར་བོད་ཡིག་ནང་ལ་ཡོད་པ་དེ་རྒྱ་ཡིག་ནང་ལ་བསྒྱུར་རྒྱུ་ཧ་ཅང་ཁག་པོ་ཡིན་པར་བརྟེན་བཀའ་འགྱུར་དང་བསྟན་འགྱུར་སོ་སོའི་སྐད་ཡིག་ནང་ལ་ཡོད་སྟབས་བོད་ཡིག་ལ་དོ་སྣང་ཤུགས་ཆེན་པོ་བྱེད་དགོས། འཕྲལ་སེལ་གྱི་ཚན་རིག་སྐོར་དང་། ཆབ་སྲིད་སྐོར་སོགས་ལ་རྒྱ་ཡིག་གཙོ་བོ་ཆགས་ཡོད་ཀྱང་། བོད་རང་གི་ཆོས་དང་རིག་གཞུང་། འཛམ་གླིང་སྤྱི་ཡིན་ནའང་དོ་སྣང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དེ་དག་བོད་ཡིག་ནང་ཡོད། ཁྱོད་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་རོགས་ཞེས་དེ་རིང་ངོས་ཀྱིས་འབོད་སྐུལ་བྱེད་འདོད་བྱུང་།
བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་ཆ་བཞག་ནའང་། ང་ཚོ་རྒྱ་གར་ལ་སླེབས་མ་ཐག་པ་ནས་ནེ་རུ་ལ་ང་ཚོ་བོད་པ་ལ་སོ་སོའི་ཡི་གེ་ཟུར་དུ་ཡོད་པས་བོད་ཡིག་བསླབ་རྒྱུ་ཡོད་པའི་སློབ་གྲྭ་ཞིག་དགོས་ཀྱི་འདུག་ཅེས་ཞུས་པར། ནེ་རུས་འགྲིག་གི་རེད་ཅེས་རྒྱ་གར་གྱི་ནང་ལ་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ཡོད། བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་མང་སྤྱི་དང་། ལྷག་པར་གཞོན་སྐྱེས་ཚོས་བོད་ཡིག་དོ་སྣང་ཤུགས་ཆེ་ཙམ་བྱོས། ཤེས་སོང་ངམ།
དེང་སང་རྒྱ་མི་གུང་ཁྲན་བསམ་བློ་གུ་དོག་པོ་ཡོད་མཁན་ཚོས་རིམ་པས་བོད་ཀྱི་སྐད་ཡིག་མེད་པ་བཟོ་རྒྱུའི་བསམ་བློ་གཏོང་གི་འདུག གནས་སྟངས་དེ་ལྟ་བུའི་འོག་ནས་ཁྱོད་ཚོ་བོད་རྒྱ་ཆེ་མི་མང་གཞོན་སྐྱེས་ཚོས་བོད་པའི་སྐད་ཡིག་ལ་དམིགས་བསལ་གྱིས་དོ་སྣང་བྱོས། ངོས་ཀྱིས་བརྙན་འཕྲིན་གྱི་ནང་ནས་མཐོང་གི་འདུག ཟི་ལིང་པའི་བྱིས་པ་ཆུང་ངུའི་སློབ་གྲྭ་དེ་དག་གིས་བོད་ཡིག་སློབ་ཀྱི་འདུག སྔ་མོ་དེ་འལྟར་མེད། དོ་སྣང་གསར་པ་ཞིག་སླེབས་འདུག་པ་ཧ་ཅང་ཡག་པོ་འདུག ཁྱོད་ཚོ་བོད་ཆོལ་གསུམ་ཡོངས་རྫོགས་ལ་སྐད་ཀྱི་གདངས་མི་འདྲ་བ་ཡོད་པ་མ་གཏོགས་ཚང་མ་བོད་པའི་ཡི་གེ་འདོན་གྱི་ཡོད། བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཚང་མས་བོད་ཡིག་གི་ཐོག་ལ་དོ་སྣང་ཤུགས་ཆེ་ཙམ་བྱོས། སྒྲ་གདངས་ཀྱི་ཆ་ནས་ཁམས་པ་ལ་ཁམས་སྐད་གོ་ཁག་པོ་ཞིག་དང་། ཟི་ལིང་པ་ལ་ཟི་ལིང་པའི་སྒྲ་གདངས་གོ་ཁག་པོ་ཞིག་ཡོད་ཀྱང་བོད་ཡིག་གཅིག་གྱུར་ཡིན་པས་ཚང་མས་ངེས་པར་དུ་དོ་སྣང་བྱས་ཏེ། བོད་ཡིག་སློབ་སྦྱོང་བྱེད་རོགས་ཞེས་ངོས་ཀྱིས་འབོད་སྐུལ་བྱེད་འདོད་བྱུང་།
དེ་སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱས་ནས་སྐད་ཆ་བཤད་པ་མིན་པར། དེང་སང་ནང་པ་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་གཙོ་བོར་གྱུར་པ་དེ་དག་ལ་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་མཁན་དེ་བོད་སྐད་རྐྱང་རྐྱང་མ་གཏོགས་མེད་པས་བོད་རིགས་གཞོན་སྐྱེས་ཚོས་སོ་སོ་བོད་པ་ཡིན་པ་སྤོབས་པ་བྱས་ཏེ་བོད་ཡིག་ལ་དོ་སྣང་བྱོས། རིམ་པས་བོད་ཡིག་ནང་ལ་ཡོད་པའི་ཚད་མ་རིག་པའི་སྐོར་དང་། ཚད་མ་རྣམ་འགྲེལ། དབུ་མ། ཕར་ཕྱིན་བཅས་ཧ་ཅང་ཡག་པོ་ཡིན་པས་ང་ཚོས་དོ་སྣང་བྱེད་དགོས། རྒྱ་གར་གྱི་ཧི་མ་ལ་ཡ་རི་རྒྱུད་ལ་ཡོད་པའི་དགོན་པ་ཚོས་ཀྱང་རྩོད་པ་རྩོད་པ་དང་། གཞུང་ཆེན་ལྟ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ངོས་ཀྱིས་འབོད་སྐུལ་བྱེད་ཀྱི་ཡོད། དེ་བཞིན་བོད་ལའང་དེ་དེ་བཞིན་བྱས་ནས་ཚང་མས་དོ་སྣང་ཤུགས་ཆེན་པོ་བྱེད་རོགས་ཟེར་རྒྱུ་ཡིན། ཆོས་སློབ་སྦྱོང་བྱས་ན་ཡིངེས་པར་དུ་་ཆོས་པ་བྱེད་དགོས་པའི་རྒྱུ་མཚན་མེད། ཤེས་སོང་ངམ།
ངོས་ཀྱི་ངོ་ཤེས་པའི་ཚན་རིག་པ་དེ་འདྲས་ཆོས་དང་ལྟ་གྲུབ། སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད་ནའང་མཐའ་གཅིག་ཏུ་སྤྱིར་ཆོས་དང་། ཡང་སྒོས་ནང་པའི་ཆོས་ལ་དད་པ་བྱས་ནས་དོ་སྣང་བྱེད་ཀྱི་མེད། རིན་ཆེན་ཕྲེང་བའི་ནང་ལ་གསུངས་པ་བཞིན། ནང་པ་སངས་རྒྱས་པའི་ཆོས་དེ་དད་པ་གཅིག་པུ་མིན་པར། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་འགྲོ་རྒྱུ་ཡོད་པས། བོད་པའི་སྐད་ཡིག་དེ་ཧ་ཅང་གལ་ཆེན་པོ་འདུག་ཅེས། ངོས་ཀྱིས་ཁྱོད་ཚོར་འབོད་སྐུལ་ཞུ་འདོད་བྱུང་།
རིན་ཆེན་ཕྲེང་བའི་ནང་། དད་ཤེས་གཉིས་ཕྱིར་ཆོས་ལ་དད། །ཤེས་རབ་ལྡན་ཕྱིར་ཡང་དག་རིགས། །ཅེས་དད་པ་དང་ཤེས་རབ་གཉིས་ཀ་གལ་ཆེན་པོ་ཡིན་ན་ཡང་། དད་པ་དེ་ལ་ཤེས་རབ་ཀྱི་གཞི་རྩ་ཡོད་པ་ཞིག་དགོས་ཞེས་གསུངས་པ་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཞག་རྩི་ལྟ་བུ་ཡིན། འཛམ་གླིང་གི་ཆོས་ལུགས་ཡི་ཤུ་དང་། ཁ་ཆེ། ཇིའུ་སོགས་ཚང་མས་སོ་སོའི་ཆོས་ལུགས་ནས་གསུངས་པའི་སྐྱབས་གནས་ལ་དད་པ་རྩེ་གཅིག་ཡོད་པ་ཧ་ཅང་ཡག་པོ་ཡིན་ཡང་། རྒྱུ་མཚན་ཐོག་ནས་བསམ་བློ་བཏང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་ཀྱི་ཆོས་དེ་དད་པ་བྱས་ནས་རྩ་ཆེན་པོ་བརྩིས་མི་དགོས་པར། སློབ་སྦྱོང་དང་བརྟག་དཔྱད་བྱོས་གསུངས་འདུག་པས། བོད་ནང་ལ་ཡོད་པའི་བོད་རྒྱ་ཆེ་མི་མང་སྤྱི་དང་། ལྷག་པར་གཞོན་སྐྱེས་རྣམས་ད་ལྟ་བོད་ཡིག་ལ་དོ་སྣང་ཡག་པོ་ཡོད་འདུག ད་དུང་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱེད་རོགས་ཞེས་ངོས་ཀྱིས་འབོད་སྐུལ་བྱེད་འདོད་བྱུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ། །