ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བ་ཉིན་མགོན་པོ་གང་ཉིད་མཆོག་གིས་དྲ་ལམ་བརྒྱུད་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་བཀའ་ཆོས་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་ལྟ་མགུར་ཨ་མ་ངོས་འཛིན་གྱི་བཤད་ལུང་བྱེད་རོགས་ཞེས་གསུངས་པ་རེད། ངོས་ཀྱིས་དགའ་བཞིན་སྤྲོ་བཞིན་དེ་ག་རང་ཞུ་གི་ཡིན་ཞེས་གཏན་འཁེལ་བ་རེད། ངོས་ཀྱིས་རྟག་པར་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་རྗོད་ཀྱི་ཡོད། ལྟ་བ་རྟེན་འབྱུང་ཞེས་པ་ནི་ཚན་རིག་དང་འབྲེལ་ཡོད། ཚན་རིག་དང་མཐུན་གྱི་ཡོད། སྤྱོད་པ་འཚེ་བ་མེད་པ་ཞེས་པ་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཅེས་ངོས་ཀྱིས་སྔོན་མ་ནས་བཤད་ཀྱི་ཡོད། ལྟ་མགུར་ཞེས་པའི་ལྟ་བ་ནི་ཟབ་མོ་དབུ་མའི་ལྟ་བའི་སྐོར་བཤད་ཀྱི་ཡོད། ཆོས་དེ་དང་པོ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་སངས་རྒྱས་མ་ཐག་ཏུ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། ། མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཟབ་པ་དང་ཞི་བ། སྤྲོས་པ་དང་བྲལ་བ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཞེས་གསུང་འདུག ངོས་ཀྱིས་འདི་ནམ་རྒྱུན་ཤོད་ཀྱི་ཡོད་པ་མ་ཟད་དེ་ལྟར་གོ་ཡི་འདུག བཅོམ་ལྡན་འདས་ཀྱི་ཚིགས་བཅད་གཅིག་དེས་འབྱུང་འགྱུར་འཁོར་ལོ་གསུམ་གསུང་རྒྱུ་ཆ་ཚང་ཡོད་པའི་བཟོ་འདྲ་ཞིག་འདུག ཟབ་ཞི་ཞེས་པ་དེས་འཁོར་ལོ་དང་པོའི་བརྗོད་གཞི་གཙོ་བོ་བདེན་བཞིའི་སྐོར་གསུང་གི་ཡོད། བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། བདེན་བཞིའི་བྱ་བ་ལ་བཟླས་པ། བདེན་བཞིའི་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོག་པ་འཕགས་པ་བདེན་པའོ། འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས་བདེན་བཞིའི་ངོ་བོ་ལ་བཟླས་པ། དེ་འདྲའི་སྡུག་བསྔལ་དང་། ཀུན་འབྱུང་། འགོག་བདེན། ལམ་བདེན་ཞེས་པ་དེ་དག་སྤང་བླང་ཇི་ལྟར་བྱེད་དགོས་སམ་ཞེ་ན། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་སྔོན་དུ་བྱ། ལམ་སྒོམ་པར་བྱ། ཞེས་གསུངས་འདུག
བདེན་བཞི་གསུངས་པ་འདི་སྡུག་བསྔལ་ཞེས་པ་འདི་ངོ་འཕྲོད་པ་བྱས་ནས་སྡུག་བསྔལ་ལས་མཐར་འདོད་ཀྱི་བླ་ོཡོང་བར་སྡུག་བསྔལ་ཤེས་དགོས་ཀྱི་རེད་ཅེས་སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་ཤེས་ཡོང་དུས་སྲོག་ཆགས་འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་སྟབས། སྡུག་བསྔལ་གྱི་རྒྱུ་རྩད་གཅོད་བྱས་ནས་ཀུན་འབྱུང་ཞེས་དང་། སྡུག་བསྔལ་མི་འདོད་པ་ཡིན་པར་བརྟེན་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤང་དགོས། ཀུན་འབྱུང་ལས་ཉོན་གཉིས་ཞེས་པ་འདི་སྤང་ཐུབ་ཐབས་ཡོད་དམ་ཞེ་ན། བསམ་བློ་ཧ་ཅང་བཏང་དགོས་པ་ཞིག་རེད། དེའི་མཇུག་ཏུ་སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་ཅེས་གསུང་གི་འདུག སྡུག་བསྔལ་ང་ཚོས་ཤེས་དགོས་ཀྱི་རེད། འོན་ཀྱང་ཡིན་ལུགས་ལ་དཔྱད་པ་བྱས་ནས་ཕྱིན་པ་ཡིན་ན་སྡུག་བསྔལ་ཤེས་པར་བྱེད་རྒྱུ་མེད། བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། བདེན་བཞིའི་བྱ་བ་ལ་བཟླས་པ། བདེན་བཞིའི་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་པ་འདིས་ཆོས་རྣམས་ཀྱི་གནས་ལུགས་བཤད་ཀྱི་འདུག དེའི་ཐོག་ནས་འགོག་བདེན་ཞེས་པ་དེ་ཇི་ལྟར་ཡིན་པ་ཤེས་དགོས་ཀྱི་ཡོད། འགོག་བདེན་ཞེས་པ་ཤེས་པ་ཡིན་ན་འཐོབ་ཆེད་ཀྱི་ལམ་དེར་བསླབ་རྒྱུའི་འགོག་པ་སྔོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་པ་དེ་སླེབ་ཡོང་གི་འདུག འགོག་བདེན་ཞེས་པ་ཤེས་པར་གང་ལྟར་སྐྱོན་གྱི་རིགས་འདི་སེམས་ཀྱི་རང་བཞིན་ལ་བཞུགས་ཡོད་མེད་བརྟག་དཔྱད་བྱེད། དེ་ནས་ཀུན་འབྱུང་གི་སྐྱོན་ཉོན་མོངས་དེ་དག་ལ་གཉེན་པོ་སྟོབས་ལྡན་ཡོད་དང་མེད། དྲི་མ་གློ་བུར་བ་ཡིན་མིན་དེ་ཚོའི་གྲས་ལ་བསམ་བློ་བཏང་ནས་འགོག་བདེན་ཞེས་པ་ཐོབ་ཐུབ་རྒྱུ་རེད་འདུག་སྙམ་པ་བློ་ལ་སླེབས་རྒྱུ་ཡོད།
དཔལ་ལྡན་ཟླ་བ་གྲགས་པས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཞེས་པའི་གང་ལྟར་ཀུན་འབྱུང་གི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་དང་། དེའི་ས་བོན་དང་བཅས་པ་སྤང་ཐུབ་རྒྱུ་དབུ་མ་བཞི་བརྒྱ་པའི་ནང་གསུངས་པ་འདི་ཧ་ཅང་གསལ་པོ་རེད་འདུག
ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །ཞེས་བཞི་བརྒྱ་པའི་ནང་གསུངས་པ་འདི་རེད།ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ལྟ་མགུར་ཨ་མ་ངོས་འཛིན་བཀའ་ཆོས་སྩལ་བ་བཅས། །