ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས།
༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (UN Human Rights Council) ཀྱི་ཚོགས་འདུ་ཐེངས་ ༤༦ དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༢ ནས་ཟླ་ ༣ ཚེས་ ༢༣ བར་འཚོགས་གཏན་འཁེལ་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམ་པས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་གཙོས་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་དང་ལྷན་ཚོགས་འདུ་ཚོགས་ཡོད།
ཚོགས་འདུའི་ཐོག་ཚོགས་སྡེ་ཁག་གི་སྐུ་ཚབ་གྲངས་ ༣༠ ལྷག་མཉམ་ཞུགས་གནང་ཡོད། སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱལ་ཚོགས་ཀྱི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་རྣམས་ལ་རྒྱ་ནག་གི་དབང་སྒྱུར་འོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་ཡང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམས་ལ་ད་ལྟའི་བོད་ནང་གི་གནད་དོན་གཙོ་བོ་ལྔ་སྟེ། རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པ་དང་། བཙོན་ཁང་དུ་མནར་སྤྱོད་བཏང་སྟེ་འདས་གྲོངས་སུ་གྱུར་པ། ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཕྲོག་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལ་དྲག་གནོན་བྱས་པ་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
གཞན་ཡང་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རང་ལོ་ ༡༩ ཡིན་པའི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ཀྱིས་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟབས། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་བ་དང་། དེ་བཞིན་ལོ་ན་ ༣༦ ལ་སོན་པའི་ཁམས་འབྲི་རུ་ནས་ཡིན་པའི་ལྷ་མོ་ལགས་ཀྱིས་རྒྱ་གར་དུ་ཡོད་པའི་སྤུན་མཆེད་དང་བོད་མི་གཞན་ཁག་གཅིག་ལ་རྒྱ་སྒོར་བཏང་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་དང་རྡུང་རྡེག་ཚད་མེད་བཏང་བར་བརྟེན་ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་འདས་གྲོངས་སུ་གྱུར་བ། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཉེ་ཆར་རྒྱ་ནག་གཞུང་གིས་གློད་བཀྲོལ་བཏང་བ་སོགས་ཀྱི་སྐོར་གསུངས་ཡོད།
ཕྱོགས་མཚུངས་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱེད་བཞིན་པར་བོད་མི་ཚོས་ཐུགས་འཚབ་གནང་བཞིན་ཡོད་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༤༦ པའི་སྟེང་རྒྱལ་ཚོགས་ཀྱི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམ་པ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་རྣམས་ནས་གོང་གི་གནད་དོན་དེ་དག་གི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས། །