ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (UN Human Rights Council) ཀྱི་ཚོགས་འདུ་ཐེངས་ ༤༦ དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༢ ནས་ཟླ་ ༣ ཚེས་ ༢༣ བར་འཚོག་བཞིན་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་དྲ་རྒྱ་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ ཉིན་ཟུར་ཚོགས་ཤིག་འཚོགས་གཏན་འཁེལ་ཡོད།
དེ་ཡང་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་དང་། རྩོམ་པ་པོ་དང་བོད་དོན་སྐོར་ཆེད་མཁས་པ་ལྕམ་སྐུ་ཀེ་ཊེ་སོན་ཌར་སི་(Kate Saunders) ལགས། སུད་སིའི་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་ཞིང་། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བགྲོ་གླེང་ཐད་གཏོང་གནང་གཏན་འཁེལ་ཡོད།
བགྲོ་གླེང་གནང་མཁན་རྣམ་པས་དྲི་བ་ཁག་ཐད་ཀར་དང་ལེན་གནང་རྒྱུ་དང་། སུད་སིའི་དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན་པ་བཅས།།