ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་བཅས་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་གྷུར་དར་ཤན་གྷུབ་ཏཱ་ (Dr. Gurdarshan Gupta) ལགས་ཀྱིས་གཙོས་འཕྲོད་བསྟེན་འགན་འཛིན་ཀཱ་ཀྲོཅ་ (Dr. Katoch) ལགས། རྫོང་གི་ཊི་སྦི་འགན་འཛིན་ཨར་ཀེ་སུཏ་ (Dr. R K Sood) ལགས་དང་ཐུག་འཕྲད་གནང་ཡོད།
དེ་ཡང་ཁོང་རྣམས་ལ་ཐུག་འཕྲད་གནང་དགོས་དོན་གཙོ་བོ་ནི། རྒྱ་གར་རྒྱལ་ཡོངས་ནང་རྒྱ་གར་དབུས་གཞུང་གི་ལམ་སྟོན་གཞིར་བཟུང་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་བཞིན་ཡོད་པ་དང་བསྟུན། ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་པ་རྣམས་ཀྱིས་གཙོས་མདུན་དུ་ཐོན་ནས་ཕྱག་ལས་གནང་མཁན་རྣམས་ཀྱི་ཆེད་སྔོན་འགོག་སྨན་ཁབ་ཀྱི་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་སླད་ཡིན་པ་དང་། སྤྱི་ཁྱབ་སྨན་བཅོས་འགན་འཛིན་གྱིས་དེའི་ཐད་འབད་བརྩོད་གང་ཐུབ་གནང་རྒྱུ་ཡིན་སྐོར་ཞལ་བཞེས་གནང་ཡོད།
གཞན་ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྤྱི་ཁྱབ་སྨན་བཅོས་འགན་འཛིན་ལ་ས་གནས་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་སྔོག་འགོག་སླད་རྡ་ས་བདེ་ལེགས་སྨན་ཁང་དང་སྦིར་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་ཀྱི་མཐུན་འགྱུར་གནང་བར་སྦྲགས་བསྔགས་བརྗོད་ཡང་གནང་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་གྱི་འཚམས་འདྲི་གནང་ཡོད་པ་བཅས།།