ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༤ རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་འབྲས་ནད་ཚོགས་པའི་གོ་སྒྲིག་འོག་རྡ་ས་མེ་གྷན་དུ་འཛམ་གླིང་འབྲས་ནད་ཉིན་མོ་དང་བསྟུན། བོད་མི་མང་ཚོགས་ཁྲོད་འབྲས་ནད་སྐོར་གོ་རྟོགས་སླད་ (I am and I will) ཞེས་པའི་བརྗོད་གཞིའི་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་ཇི་དི་གྷུབ་ཏཱ་ (G.D Gupta) ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཆེད་ཕེབས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་ཇི་དི་གྷུབ་ཏཱ་ (G.D Gupta) ལགས་ཀྱིས་དར་ཚོན་གཅོད་འབྲེ
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསར་འགོད་པར་གསུང་དོན། དེ་རིང་བོད་ཀྱི་འབྲས་ནད་ཚོགས་པས་འཛམ་གླིང་འབྲས་ནད་ཉིན་མོ་སྲུང་བརྩི་དང་འབྲེལ་ལས་འགུལ་ཞིག་སྤེལ་བར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་བྱེད་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཐོག་བཅར་བ་ཡིན། དེ་རིང་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་ཇི་དི་གྷུབ་ཏཱ་ (G.D Gupta) ལགས་ཀྱང་མཉམ་ཞུགས་གནང་ཡོད། དེ་རིང་ནི་འཛམ་གླིང་འབྲས་ནད་ཉིན་མོ་ཆགས་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་གསུང་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ནང་མི་ས་ཡ་དགུ་དང་འབུམ་དྲུག་ཙམ་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད། བོད་པའི་སྤྱི་ཚོགས་ཁྲོད་ཕྱི་ལོ་ ༢༠༡༩ ནང་བོད་མི་ ༢༧ ཙམ་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་འདུག སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གཞིར་བཟུར་བོད་མི་ ༦༢ ཀྱིས་འབྲས་ནད་སྨན་བཅོས་ཀྱི་མཐུན་འགྱུར་བཞེས་འདུག
ང་ཚོའི་སྤྱི་ཚོགས་ཁྲོད་ཕོ་བ་དང་། མཆིན་པ། དེ་བཞིན་གློ་བ་བཅས་ཀྱི་འབྲས་ནད་མང་དག་ཅིག་འཐོན་བཞིན་ཡོད་པ་དང་། བོད་མི་ཚང་མས་རང་ཉིད་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པ་ཐུགས་སྣང་གནང་དགོས་པ་མ་ཟད། རྒྱུན་དུ་ཟས་དང་སྤྱོད་ལམ་ཚུལ་བཞིན་བསྟེན་དགོས། ལོ་རེར་གཟུགས་པོའི་འཕྲོད་བསྟེན་བརྟག་དཔྱད་ངེས་པར་དུ་གནང་དགོས་ཡོད། ད་ལམ་གནམ་གཤིས་གྲང་ངར་ལ་མ་ལྟོས་པར་བོད་ཀྱི་འབྲད་ནད་ཚོགས་པས་མང་ཚོགས་ལ་ཕན་པའི་ལས་དོན་སྤེལ་བར་ངས་བསྔགས་བརྗོད་ཞུ་གི་ཡོད། ཅེས་གསུངས།
དེ་རྗེས་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་ཇི་དི་གྷུབ་ཏཱ་ (G.D Gupta) ལགས་ཀྱིས་གསུང་དོན། དེ་རིང་ནི་འཛམ་གླིང་འབྲས་ནད་ཉིན་མོ་ཡིན་པ་དང་། ཉིན་མོ་འདི་བཞིན་ཕྱི་ལོ་ ༢༠༠༠ ལོ་ནས་སྲུང་བརྩི་ཞུ་བཞིན་ཡོད། ལོ་ལྟར་འབྲས་ནད་ཀྱི་རྐྱེན་པས་མི་ས་ཡ་བཅུ་ཙམ་འདས་གྲོངས་སུ་འགྱུར་གྱི་ཡོད། སྤྱི་ཚོགས་དང་མང་ཚོགས་ནས་དེའི་ཐོག་གོ་རྟོགས་གང་མང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། གོ་རྟོགས་བརྒྱུད་མི་དེ་དག་གི་ཚེ་སྲོག་ཀྱང་སྐྱོབ་ཐུབ། རྒྱལ་སྤྱི་ཁྱོན་ཡོངས་ལ་འབྲས་ནད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། འབྲས་ནད་སྐོར་མང་ཚོགས་ལ་གོ་རྟོགས་སྔར་ལྷག་རྒྱ་ཆེ་སྤེལ་ཆེད་ཡིན། ཞེས་སོགས་གསུངས།