ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་དཔེ་དེབ་ ༼ གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ཞིབ། བརྗོད་བྱ། འཇམ་དཔལ་མཚན་བརྗོད། ཉམས་ཞིབ་པ། དགེ་སློང་ངག་དབང་སངས་རྒྱས། ༽ པར་བསྐྲུན་ལེགས་གྲུབ་ཀྱིས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཀྱིས་དབུ་འབྱེད་གནང་ཡོད་པ་དང་། དེ་སྔ་ཆོས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ ཉིན་གསལ་བསྒྲགས་གནང་བ་བཞིན། བཙན་བྱོལ་བོད་མིའི་རིས་མེད་དགོན་སྡེ་ཁག་གི་བཤད་གྲྭའམ་སློབ་གྲྭའི་གྲྭ་བཙུན་སློབ་གཉེར་བ་རང་ལོ་ ༢༥ མན་རྣམས་ཀྱི་རྩོམ་ཡིག་བརྗོད་གཞི་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དུས་རབས་དང་འཚམས་པའི་བསྟན་འགྲོའི་མཛད་ཆེན་ཁྱད་འཕགས་ཇི་བསྐྱངས་དང་། དེ་དག་གི་སྒྲུབ་བྱེད་ཅེས་པའི་རྩོམ་ཡིག་འགྲན་སྡུར་ནང་རྩེ་ཕུད་དང་ལེགས་སོན་རྣམས་ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གསལ་བསྒྲགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་རྩོམ་ཡིག་འགྲན་སྡུར་གྱི་རྩེ་རིམ་སོན་པ་རྣམས་གསལ་བསྒྲགས་གནང་བའི་ནང་། ད་ལན་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་གྲྭ་ཚང་དང་བཙུན་དགོན་ཁྱོན་ ༡༢ ནས་རྩོམ་ཤོག་གྲངས་ ༣༩ འབྱོར་བ་ནས་རྩེ་ཕུད་ ༣ དང་། ཨང་རིམ་གཞིར་བཟུང་ལེགས་སོན་ཐོན་མཁན་སློབ་གཉེར་བ་ ༨ ཡོད་པ་གསལ་བསྒྲགས་གནང་གྲུབ་མཚམས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་དཔེ་དེབ་དབུ་འབྱེད་གནང་སྟེ་གསུང་བཤད་གནང་དོན། ཆོས་རིག་ལས་ཁུངས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་རིགས་གཅིག་རྐང་འཛིན་གྱི་དཔེ་དེབ་དབུ་འབྱེད་དང་། དེ་བཞིན་ན་གཞོན་གྲྭ་བཙུན་རྣམ་པའི་༸རྒྱལ་བའི་མཛད་པའི་སྐོར་རྩོམ་ཡིག་འགྲན་སྡུར་གནང་བའི་རྩེ་རིམ་སོན་པ་གསལ་བསྒྲགས་གནང་བཞིན་ཡོད། འདིར་ཕེབས་པའི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་། དྲུང་འཕར། ལས་བྱེད་རྣམ་པ། གསར་འགོད་པ། དེ་བཞིན་གཞུང་འབྲེལ་བརྒྱུད་ལམ་བརྒྱུད་གསན་གཟིགས་གནང་ཐུབ་མཁན་ཡོངས་ལ་ཐོག་མར་ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་ལས་གཞིའི་སྐོར་གོང་དུ་དྲུང་འཕར་གྱིས་ངོ་སྤྲོད་གནང་བ་ནང་བཞིན་རེད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེའི་སྐོར་བཀའ་སློབ་སྔ་རྗེས་ཕེབས་ཡོད། ལྷག་པར་ཆོས་ཚོགས་ཁག་ནང་བཀའ་སློབ་སྔ་རྗེས་ཕེབས་ཡོད། བཀའ་སློབ་ཕེབས་པའི་དགོངས་གཞི་གང་ཡིན་ནམ་ཞེས་དགོངས་པ་ཡིན་ན། དགོངས་གཞི་དེ་གནའ་བོའི་སྲོལ་རྒྱུན་གྱི་ལམ་སྲོལ་དང་དེང་རབས་ཀྱི་ལུགས་སྲོལ་གཉིས་ཟུང་སྦྲེལ་ཐོག་དགོངས་གཞི་ཡོད་པ་གསལ་པོ་ཆགས་ཡོད། ཐོག་མར་གནའ་བོའི་སྲོལ་རྒྱུན་གྱི་ཐོག་ནས་བྱས་པ་ཡིན་ན། ད་ལྟ་ཉམས་ཞིབ་བྱེད་རྒྱུ་དེ། སྤྱིར་ང་ཚོའི་གཞུང་ཆེན་བཀའ་པོ་ལྔ་དང་། ལྷག་པར་དེ་ཚོའི་ཐོག་ལ་གདན་ས་སོ་སོ་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་གཞིར་བཞག་བྱས་ནས་ཧ་ལས་པའི་གསན་བསམ་སློབ་གཉེར་དང་། ཉམས་ཞིབ་དེ་དག་ཁུངས་སོ་སོའི་ཐོག་ནས་མང་པོ་ཞིག་དང་ཡག་པོ་ཆགས་ཀྱི་ཡོད་མ་ཟད། ཁུངས་སོ་སོ་ནས་མཁས་པ་ཡང་མང་པོ་འཐོན་གྱི་ཡོད། སྔར་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་སྐབས་དང་། ལྷག་པར་སློབ་དཔོན་དབྱིག་གཉེན་སྐབས་སུ་གཞུང་ཆེན་དེ་ཚོའི་ནང་ལ་ཕར་ཕྱིན་རང་ལ་མཁས་པ་ཟེར་རྒྱུ་དང་། ཚད་མ་རང་ལ་མཁས་ཟེར་རྒྱུ་དེ་འདྲ་ཡོད་སྟབས་ང་ཚོའི་སྲོལ་རྒྱུན་ནང་བཞིན་བྱས་ཏེ་གཞུང་ཆེན་ཚང་མ་ལ་མཁས་པ་ཡིན་པ་གང་ཞིག་ལ་གཅིག་རང་ལ་འགྲན་ཟླ་མེད་པའི་མཁས་པའི་དབང་པོ་འགྱུར་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་སྔ་མོའི་ལམ་སྲོལ་ཡོད་པ་དེ་འདྲ་ཞིག་འཐོན་ཐུབ་རྒྱུའི་དགོངས་གཞི་དང་། དེ་ལྟར་བྱས་པར་སྔོན་མའི་སྲོལ་རྒྱུན་ནང་བཞིན་བྱས་ཏེ་བརྗོད་བྱ་གཏིང་ཟབ་པོའི་ཐོག་ནས་གཞུང་དེ་དང་དེ་རང་ལ་མཁས་པའི་དབང་པོ་འགྱུར་རྒྱུའི་དགོངས་གཞི་རེད།
གཉིས་པ་དེར། དེང་རབས་ཀྱི་ལུགས་སྲོལ་དང་འབྲེལ་བའི་དགོངས་གཞི་ཡོད་པ་དེ་གང་འདྲ་རེད་དམ་ཞེ་ན། ང་རང་ཚོའི་མཁས་པའི་དབང་པོ་མང་པོ་ཞིག་གི་བརྗོད་བྱའི་དོན་དང་དེ་ཚོའི་ཐོག་ལ་གྲན་ཟླ་མེད་པ་ཡིན་ནའང་། དེང་སྐབས་འཛམ་གླིང་གི་མཁས་པ་གཞན་དག་ནང་བཞིན་བྱས་ནས་ཉམས་ཞིབ་བྱེད་རྒྱུའི་ལུགས་སྲོལ་ཕྲན་བུ་མེད་པ་ཡིན་སྟབས། ཆེ་ས་ལ་མ་ཐོགས་ཆུང་སར་ཐོགས་པ་དེ་འདྲ། དཔེར་ན་རྩོམ་པ་པོའི་ལོ་རྒྱུས་བཤད་རྒྱུ་ཡིན་ན་འདྲ། ལོ་ཚིག་དེ་འདྲའི་ཐོག་ནས་ཕར་གུང་བསྒྲིགས་པ་སོགས་ཉམས་ཞིབ་བྱེད་རྒྱུའི་གཞི་གང་དང་གང་ཡིན་པ་དེ་དག་ལ་མཆན་བཀོད་ལུང་འདྲེན་བྱེད་སྟངས་ལ་སོགས་པ། དེ་འདྲ་མང་པོ་ཞིག་དེང་རབས་ཀྱི་ནང་ལ་སྟབས་བདེ་པོ་ཆགས་ཡོད་པར་བརྟེན་ནང་དོན་ཕུན་སུམ་ཚོགས་པ་ཡོད་པ་དེ་ཕྱིའི་སྒྲོམ་གཞི་དེང་རབས་དེ་དག་མཉམ་དུ་ལྡན་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་དང་། དེ་ལ་བརྟེན་ནས་ང་རང་ཚོའི་གཞུང་ཆེན་དེ་དག་འཛམ་གླིང་ཐོག་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་དགོངས་གཞི་གཟིགས་ཏེ་བཀའ་སློབ་སྔ་རྗེས་ཕེབས་པ་དེ་ལྟར་རེད། ཅེས་དེ་རིང་གོ་སྐབས་དང་བརྒྱུད་ནས་ཞུ་རྒྱུ་ཡིན།
བཀའ་སློབ་ཕེབས་པ་ཡིན་སྟབས་ཆོས་རིག་ལས་ཁུངས་ནས་དམིགས་བསལ་འགན་ཁུར་ལེན་ནས་གཞུང་ཆེན་རིག་གཅིག་རྐང་འཛིན་གྱི་ལས་གཞི་ཞིག་ཕྱི་ལོ་༢༠༡༣ ཙམ་ནས་སྒྲིག་གཞི་བཟོ་རྒྱུས་མཚོན་པའི་ལས་འགོ་བཙུགས་པ་དང་། ཕྱི་ལོ་ ༢༠༡༤ ནས་སློབ་མ་འདུ་རྒྱུ་དངོས་སུ་འགོ་བཙུགས་ནས་མདོར་ན། ཕྱི་ལོ་ ༢༠༡༤ ལོར་སྐབས་དང་པོ་དང་། ཕྱི་ལོ་ ༢༠༡༥ ལོར་སྐབས་གཉིས་པ་བཅས་ད་བར་སྐབས་གཉིས་ཀྱི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་དང་། ཕྱི་ལོ་ ༢༠༡༩ ལོར་སྐབས་དང་པོའི་གྲུབ་འབྲས་ཆ་ཚང་ཐོན་ཡོད། སྐབས་དང་པོར་ཉམས་ཞིབ་པ་གྲངས་བཅུ་དང་སྐབས་གཉིས་པ་དེ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འགག་པ་རེད་མ་ཏོག་ཕྱི་ལོ་ ༢༠༢༠ ལོར་འཐོན་རྒྱུ་རེད། སྐབས་དང་པོ་ཉམས་ཞིབ་པ་བཅུ་དང་སྐབས་གཉིས་པར་ཉམས་ཞིབ་པ་གྲངས་བཅུ་གཅིག་ཆགས་ཡོད། དེ་ལྟ་བུར་ཉམས་ཞིབ་གནང་རྒྱུ་དེ་༸རྒྱལ་བའི་དགོངས་པ་བླ་ན་མེད་པ་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་ཡི་ཡོད་པ་དེ་གཉིས་མཉམ་དུ་འཁེལ་བའི་བཟོ་ལྟར་བྱས་ནས། རིགས་གཅིག་རྐང་འཛིན་ཉམས་ཞིབ་པའི་དཔྱད་རྩོམ་མང་པོ་ཐོན་པའི་ནང་ནས་རྩེད་ཕུད་ཅིག་ད་རེས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་དཔར་སྐྲུན་ཞུས་ཏེ་འགྲེམས་སྤེལ་ཞུ་བཞིན་ཡོད།
ཉམས་ཞིབ་པ་ལ་ཆ་བཞག་ན། གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་ནས་ཡིན་པ་དང་། དགེ་བཤེས་ལྷ་རམས་པ་དགེ་སློང་ངག་དབང་བློ་བཟང་ལགས་དགེ་བཤེས་ཐོན་རྗེས་དཔེ་ཁྲིད་གནང་རྒྱུའི་ཕྱག་ལས་གནང་དང་གནང་མུས་རེད། གཙོ་བོ་དགའ་ལྡན་ཕོ་བྲང་དུ་ཞབས་ཞུ་གནང་མཁན་ཞིག་ཆགས་ཡོད། ཁོང་གིས་ཉམས་ཞིབ་གནང་རྒྱུའི་བརྗོད་བྱ་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ཡིན། དེབ་ཕྲེང་རིམ་པ་གསུམ་ཡོད་པའི་ནང་ནས་དེ་རིང་འཇམ་དཔལ་མཚན་བརྗོད་དང་འབྲེལ་བའི་ཉམས་ཞིབ་ལས་རིམ་ཁོང་ཚུར་དེབ་སྐྱེལ་དང་ཐོ་འགོད་བྱས་པ་ཞིག་ཆགས་འདུག འདི་ནས་དཔར་གང་བརྒྱབ་པ་དགོས་ཀྱི་ཡོད་སྟབས་བར་པ་ཞེེས་བཀོད་བདེ་པོ་མེད་པར་བརྟེན་བརྗོད་བྱར་འཇམ་དཔལ་མཚན་བརྗོད་ཅེས་དཔར་བསྐྲུན་ཞུས་པ་རེད། ཁོང་གི་ཕྱག་དེབ་དེ་ངས་རོབ་ཙམ་བལྟས་པ་ཡིན། གང་ས་སྤྱི་ཐད་ནས་ཚད་དང་ལྡན་པ། གོང་དུ་ཞུས་པ་ནང་བཞིན་སྐུ་མདུན་གྱི་དགོངས་གཞི་ནང་བཞིན་ཁྱད་ཆོས་དེ་དག་ཡག་ཐག་ཆོད་ལྡན་པ། ལྷག་པར་དེང་སང་གི་འགྲོ་སྟངས་ནང་བཞིན་ལྡན་པ། མདོར་ན་གང་ས་སྤྱི་ཐད་ནས་ཚད་དང་ལྡན་པ་བྱུང་འདུག ལྷག་པར་ཕྱིས་སུ་འཇམ་དཔལ་མཚན་བརྗོད་ལ་སློབ་སྦྱོང་བྱེད་མཁན་དེ་འདྲ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ཐུབ་པའི་དེབ་ཅིག་ཆགས་འདུག དེ་རིང་ཁོང་དངོས་སུ་འདིར་གདན་འདྲེན་ཞུ་དགོས་ཀྱི་ཡོད་ནའང་ནད་ཡམས་ཀྱི་རྐྱེན་པས་དེ་ལྟར་བྱུང་ཐུབ་མེད་པར་བརྟེན་ཁོང་ལ་ངས་ཆོས་རིག་ལས་ཁུངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་ནས་ལས་རིམ་གཉིས་པ་དེར་གྲྭ་བཙུན་ན་གཞོན་ཚོས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དུས་རབས་དང་མཚམས་པའི་བསྟན་འགྲོའི་མཛད་ཆེན་ཁག་གང་ཡིན་མིན་ཉམས་ཞིབ་བྱས་ནས་ལྷུག་མ་དང་ཚིག་བཅད་ཐོག་ནས་རྩོམ་འབྲི་རྒྱུ་ང་ཚོས་སྐུལ་མ་ཞུས་པར་མང་པོ་ཞིག་མཉམ་ཞུགས་གནང་འདུག རྩོམ་ཡིག་ཐོག་ཨང་ཐོབ་མཁན་དེ་དག་ལ་དམིགས་བསལ་འཚམས་འདྲི་དང་ལེགས་བརྗོད་ཞུ་རྒྱུ་དང་། དེ་བཞིན་མཉམ་ཞུགས་གནང་ནས་རྩོམ་བྲིས་གནང་བ་དེ་དག་ལའང་ངས་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། རྩོམ་དེ་དག་ཕྱོགས་བསྒྲིགས་ཞུས་ཏེ་པར་སྐྲུན་གནང་འཆར་ཡོད། རྩོམ་མང་པོ་ཞིག་བརྗོད་བྱ་རྗོད་བྱེད་ཕུན་སུམ་ཚོགས་པ་ཧ་ཅང་ཡག་པོ་འདུག་ཅེས་གོ་ཐོས་བྱུང་། དེར་བརྟེན་ཚང་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བྱ་དགའ་ཐོབ་མིན་ལ་མ་ལྟོས་པར་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐུལ་མ་ཞུས་པ་ལ་བརྟེན་ནས་དང་དུ་བླངས་ནས་མཉམ་ཞུགས་གནང་བ་རེད། ཞེས་སོགས་ཀྱི་གསུང་བཤད་གནང་། །