ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༥ རེས་གཟའ་ཕུར་བུ།༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ འཚོགས་བཞིན་པའི་ཐོག ཨིན་ཡུལ་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཌོ་མེ་ནེ་ཁི་རབ་ (Dominic Raab) མཆོག་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སྐུ་ཞབས་ཇོ་སེཕ་བྷོ་རེལ་ (Josep Borrell) མཆོག་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱིས་གཙོས་རྒྱལ་ཁབ་གཞན་ཁག་གི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད།
དེ་ཡང་ཨིན་ཡུལ་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཌོ་མེ་ནེ་ཁི་རབ་མཆོག་གིས། རྒྱ་ནག་ནང་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་སེམས་འཚབ་ཆེན་པོའི་ངང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་རྒྱ་ནག་གཞུང་གིས་བྱ་སྤྱོད་ངན་པ་སྤེལ་བཞིན་པའི་མངོན་གསལ་གྱི་ཁུངས་སྐྱེལ་ར་སྤྲོད་རྣམས་སྣང་མེད་དུ་མི་གཏོང་བར་རྟོག་ཞིབ་ནན་པོ་དགོས་སྐོར་གྱི་འབོད་སྐུལ་ཞུས་ཡོད།
རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་དང་། ཧོང་ཀོང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་དང་སྦྲགས། ད་ཆ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་གྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་མི་བོད་ནང་འགྲོ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། ཅེས་དང་། གཞན་ཡང་རྒྱ་ནག་གཞུང་གིས་བྱ་སྤྱོད་ངན་པ་རིགས་སྤེལ་བཞིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ལན་འདེབས་གནང་རྒྱུ་རྒྱལ་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་མཉམ་འབྲེལ་གྱི་འགན་ཡིན། ཨིན་ཡུལ་གཞུང་ནས་རྒྱ་ནག་གཞུང་གིས་གདུག་རྩུབ་མནར་གཅོད་ཀྱི་བྱ་སྤྱོད་རིགས་སྤེལ་བཞིན་པའི་སྐྱེ་བོ་དེ་དག་གི་ཆེད་དུ་རྒྱ་ནག་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་གསུངས།
ཕྱོགས་མཚུངས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སྐུ་ཞབས་ཇི་སེཕ་བྷོ་རེལ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་ ༢༧ གྱི་ཚབ་ཞུས་ཏེ་གསུང་དོན། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་གུས་བཀུར་ཡོད་པའི་ཐོག་ནས་ལག་བསྟར་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་། ནང་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་ནན་བརྗོད་དང་། རྒྱལ་སྤྱིའི་ཚོགས་པས་བློ་འཚབ་ཤུགས་ཆེ་ཡོད་པའི་ཐོག་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་གནད་དོན་རྣམས་མང་ཚོགས་ཁྲོད་ཕྱི་གསལ་ནང་གསལ་ཤེས་རྟོགས་ཐུབ་སླད་རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet) མཆོག་གིས་གཙོས་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ཁུལ་དེར་གཟིགས་སྐོར་གནང་འཇུག་དགོས་པ་མ་ཟད། ཧོང་ཀོང་ནང་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྒྲིག་ལ་ངེས་པར་བརྩི་སྲུང་ཞུས་དགོས། ཞེས་གསུངས། །