ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་རང་དབང་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ལགས་དང་། བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཀྱིས་ཟླ་བ་གསུམ་རིང་རྒྱ་གར་གྱི་མངའ་སྡེ་ཧི་མཱ་ཅལ་དང་། པན་ཇཱབ། ཅན་ཊཱི་གར། ཧ་རི་ཡཱ་ཎཱ། དིལླཱི། ཨུཏྟར་པྲདེཤ། བི་ཧཱར། ནུབ་བངྒཱལ། འབྲས་ལྗོངས་བཅས་རྒྱ་གར་གྱི་མངའ་སྡེ་དགུ་བརྒྱུད་ཁྱོན་རྒྱང་ཐག་སྤྱི་ལེ་ ༢༣༠༠ ཐམ་པར་ཞི་བའི་གོམ་བགྲོད་གནང་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ་ཉིན་འཕགས་བོད་ས་མཚམས་ཀྱི་ཉེ་འགྲམ་དུ་ཡོད་པའི་ (3rd Mile) ཞེས་པའི་ས་གནས་སུ་ལས་འགུལ་མཇུག་སྒྲིལ་ཡོད།
དེ་ཡང་བདེ་འཇགས་དང་མཐའ་མཚམས་ཀྱི་ཛ་དྲག་གནས་སྟངས་བཅས་ལ་བརྟེན་ནས་ཞི་བའི་གོམ་བགྲོད་པ་གཉིས་འཕགས་བོད་ས་མཚམས་ཉེ་འགྲམ་དུ་བསྐྱོད་རྒྱུའི་ཆོག་མཆན་གནང་མེད་པར་བརྟེན་ཞིབ་བཤེར་ས་ཚིགས་དེར་ལས་གུལ་མཇུག་སྒྲིལ་གྱི་མཛད་སྒོ་མདོར་བསྡུས་ཤིག་ཚོགས་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་ནགས་ཚལ་དང་ཁོར་ཡུག་སོགས་ཀྱི་བློན་ཆེན་སྐུ་ཞབས་ཀརྨ་བློ་གྲོས་བྷོ་ཊི་ཡ་ (Shri Karma Loday Bhutia) མཆོག་དང་། འབྲས་ལྗོངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སློབ་དཔོན་རུ་དྲ་པོ་ཊཡལ་ (Prof. Rudra Poudyal) ལགས། འབྲས་ལྗོངས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་པདྨ་དབང་གྲགས་བྷོ་ཌི་ཡ་ (Shri Pema Wangda Bhutia) ལགས། དེ་བཞིན་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ལྷན་འཛོམས་ཐོག་ལྷག་དཀར་སྲུང་བརྩི་དང་འབྲེལ་བོད་རང་དབང་སླད་སྨོན་ལམ་གསུང་འདོན་གནང་ཡོད།
དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡ ཉིན་ཞི་བའི་གོམ་བགྲོད་པ་གཉིས་འབྲས་ལྗོངས་ཀྱི་ས་ཁུལ་རང་པོར་ (Rangpo) ཕེབས་འབྱོར་སྐབས་འབྲས་ལྗོངས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་པདྨ་དབང་གྲགས་བྷོ་ཌི་ཡ་ལགས་དང་། ས་གནས་འགོ་འཛིན། འབྲས་ལྗོངས་ཁུལ་གྱི་བོད་པའི་ཚོགས་པ་ཁག་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་བཞིན་སྐབས་དེར་ (Teesta Urja Chairman G.T. Lachungpa) ལགས་དང་། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། འབྲས་ལྗོངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སློབ་དཔོན་རུ་དྲ་པོ་ཊཡལ་ལགས་བཅས་གནད་ཡོད་མི་སྣ་རྣམས་ཀྱང་ཕེབས་ཡོད། ཞི་བའི་གོམ་བགྲོད་རྣམ་གཉིས་དང་ལྷན་བོད་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱ་གར་དང་བོད་ཀྱི་རྒྱལ་དར་སོགས་ཕྱར་ཏེ་རང་པོ་ནས་འབྲས་ལྗོངས་བར་གོམ་བགྲོད་གནང་ཡོད།
དེ་ཡང་རྡ་ས་ནས་རྣ་ཐོས་ལ་བར་བོད་རང་དབང་སླད་གོམ་བགྲོད་ཀྱི་ལས་གུལ་དེ་ཉིད་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ ཉིན་རྡ་ས་མེག་གྷན་ནས་དབུ་འཛུགས་ཡོད་པ་དང་། དགོས་འདུན་དོན་ཚན་གསུམ་སྟེ་བོད་ནང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་རྣམས་གང་མགྱོགས་མཚམས་འཇོག་དགོས་པ། འཛམ་གླིང་ཡོངས་ནས་བོད་འདི་རྒྱ་ནག་གཞུང་གིས་དྲག་དམག་བརྒྱུད་བཙན་བཟུང་བྱས་པ་ངོས་འཛིན་དགོས་པ། རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་མཚམས་འཇོག་བྱེད་དགོས་བཅས་བཏོན་ཡོད་པ་བཅས། །