ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༤༦ ཚོགས་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཕྱི་ལོ་ ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བསྐྱར་ཞིབ་དང་སྦྲགས། སྐར་མ་ ༦ ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་ཡོད།
དེ་ཡང་འདས་པའི་ལོའི་ནང་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་དྲག་གནོན་དང་། སྨྲ་བརྗོད་རང་དབང་རྡོག་རོལ། བོད་མི་འཛིན་བཟུང་དང་ཁྲིམས་བཅད་བཏང་བ། མི་རིགས་དབྱེ་འབྱེད་བྱེད་པ། དེ་བཞིན་བོད་མི་རྣམས་དམག་མི་སྦྱོང་བརྡར་ཁང་ལྟ་བུའི་ནང་དུ་ངལ་སྩོལ་བསྒྱུར་བཀོད་བྱེད་དུ་བཅུག་པ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་ལྔ་གཙོ་འདོན་གནང་ཡོད།
ཕྱི་ལོ་ ༢༠༢༠ ལོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བསྐྱར་ཞིབ་ཀྱི་བརྙན་ཐུང་ནང་། བོད་མི་ ༣༠ སྐོར་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་པ་མ་ཟད། བཀག་ཉར་བྱས་པའི་དུས་ཡུན་རིང་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་པའི་རྐྱེན་གྱིས་ཁྱོན་བོད་མི་དྲུག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་གསལ་འདུག
སྐར་མ་ ༦ ཅན་གྱི་བརྙན་ཐུང་དེའི་ནང་། བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ (ADRIAN ZENZ) ལགས་ཀྱིས་ཉམས་ཞིབ་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་དབུལ་ཕོངས་ངལ་སེལ་གྱི་ལས་གཞི་ཟེར་བར་ཁ་གཡར་ཏེ་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་གི་ཡོད་པའི་གནས་ཚུལ་ཁག་ཀྱང་གསལ་སྟོན་གནང་ཡོད།
བོད་མིིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གསལ་སྟོན་གྱི་བརྙན་ཐུང་འདི་བརྒྱུད། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཇེ་ཆེར་བཏང་སྟེ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དེ་བཞིན་མུ་མཐུད་ཛ་དྲག་འོག་གནས་བཞིན་ཡོད་པ་གསལ་ཡོད།