ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༩ རེས་གཟའ་མིག་དམར་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་གཞི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད།
དེ་ཡང་གོང་ཚེས་ཉིནགྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསུང་དོན། དེ་རིང་འདིར་ཛ་དྲག་གི་ཐོག་ནས་རྣམ་པ་ཚོར་སྙན་སེང་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་སོང་། དེ་ཡང་ཕྱོགས་གཅིག་ནས་གནད་དོན་གལ་ཆེན་པོ་རེད་འདུག གཉིས་ནས་གུང་སེང་གི་དུས་ཚོད་སླེབས་ཀྱི་ཡོད་སྟབས་དེ་རིང་གསར་འགོད་གསལ་བསྒྲགས་མ་བྱས་ཚེ་དུས་ཡུན་རིང་པོ་རྒྱང་འགྲོ་བའི་གནས་སྟངས་ཆགས་པའི་ཉེན་ཁ་འདུག
གནད་དོན་གསུམ་གྱི་ཐོག་ནས་གསལ་བསྒྲགས་ཞུ་རྒྱུ་ཡིན། དང་པོ། དགོངས་མངའ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞི་ཁོངས་ནང་ཐོབ་ཁུངས་གཉིས་སུ་ཡོད་པའི་སྤྱི་འཐུས་གཉིས་འདུག ཐོབ་ཁུངས་གཉིས་ནས་ཐོབ་ཁུངས་གཅིག་ཏུ་བཤོལ་དགོས་ཀྱི་ཡོད་སྟབས་བཤོལ་རྒྱུའི་དུས་ཚོད་དེ་བཞིན་ཁ་སང་ཕྱི་ཚེས་ ༨ བར་སྤྲད་པ་ལྟར་ལན་ཕུལ་ཏེ་གཏན་འབེབས་ཀྱི་གནས་སྟངས་བྱུང་སོང་། མི་གསར་པ་ཞིག་ཡར་སླེབས་ཀྱི་ཡོད་པར་བརྟེན་མང་ཚོགས་ལ་དེ་གསལ་པོ་ཞུ་རྒྱུ་གལ་ཆེན་པོ་རེད། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི་ཁོངས་ཕྱི་ཚེས་ ༨ ཉིན་གསལ་བསྒྲགས་ཞུས་པའི་ནང་ཨང་བཞི་པ་སྙིང་མིག་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ཁོངས་ཨང་ ༡༨ རེད། ཁོང་གིས་ལན་ཕུལ་བའི་ནང་མདོ་སྟོད་ཆོལ་ཁའི་འོས་གཞི་ཁོངས་ཞུགས་རྒྱུ་ཡིན་སྐོར་གསུངས་ཡོད་སྟབས་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི་ཁོངས་ནས་ཕྱིར་འཐེན་ཞུས་ཏེ་ཁོང་གི་ཚབ་ཏུ་ཨང་བཞི་པར་མཁན་པོ་དཀོན་མཆོག་སྨོན་ལམ་དང་། ལྔ་པ་འགྱུར་མེད་བརྩོན་འགྲུས། དྲུག་པ་འབྲོང་ཆུང་དངོས་གྲུབ་བཅས་ཆགས་ཡོད།
གཞན་ཡང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི་དང་མདོ་སྟོད་ཆོལ་ཁའི་སྔོན་འགྲོའི་འོས་གཞི་གཉིས་ཀར་ནང་ཡོད། ཁོང་གིས་ལན་ནང་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི་ཁོངས་སུ་ཞུགས་རྒྱུ་ཡིན་ཞེས་གསུངས་ཡོད་པར་བརྟེན་ཁོང་མདོ་སྟོད་ཆོལ་ཁའི་སྔོན་འགྲོའི་འོས་གཞིའི་ནས་ཕྱིར་འཐེན་གནང་སྟེ་སུམ་འདབ་ནང་གསར་དུ་བཅུག་པ་ནི་ཚེ་རིང་དབྱངས་འཛོམས་ཡིན། སྔོན་འགྲོའི་འོས་གཞིའི་གནང་སྟངས་ཐོག་འགྱུར་ལྡོག་ཕྱིན་པ་ལྟར་མང་ཚོགས་ལ་སྙན་སེང་ཞུ་རྒྱུ་གལ་ཆེ་མཐོང་བ་ལྟར་གནང་ཡོད།
གནད་དོན་གཉིས་པ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༧ ནང་གསེས་གཉིས་པའི་དགོངས་དོན་ལྟར། ས་གནས་ཁག་ནས་འོས་བསྡུའི་ལས་དོན་ཁག་ཆ་ཚང་བསྒྲུབས་ཏེ་ཐོ་གཞུང་དབུས་འོས་བསྡུ་ལས་ཁང་དུ་ཕུལ་དགོས་ཀྱི་ཡོད། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༧ ནང་གསེས་གཉིས་པའི་ནང་། ས་གནས་འོས་བསྡུའི་ལས་ཁང་སོ་སོ་ནས་འོས་ཤོག་གྲངས་བཤེར་བྱས་པའི་ཐོ་གཞུང་ཡིག་ཆ་རྣམས་དབུས་འོས་བསྡུ་ལས་ཁང་ལ་ཕྱིར་འབུལ་བྱུང་མཚམས་སོ་སོར་འབྱོར་ཐོ་དེབ་བཀོད་ཀྱིས། འོས་གཞི་གཏན་འབེབས་གྲངས་བཤེར་བྱ་རྒྱུའི་དུས་ཚེས་བར་ཡིག་ཆ་རྣམས་ཁུངས་གཅིག་ཏུ་ཉར་འཇོག་དགོས་པ་ལས་གང་བྱུང་སྔོག་བཤེར་བྱེད་མི་ཆོག ཅེས་གསལ་བ་ལྟར། ས་གནས་ནས་གང་འབྱོར་བ་རྣམས་དབུས་འོས་བསྡུ་ལས་ཁུངས་ཀྱི་བང་མཛོད་ནང་ཕྱོགས་གཅིག་ཏུ་བཞག་པ་དང་། མཐའ་མའི་འོས་བསྡུའི་གྲངས་བཤེར་སྐབས་དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་གཙོས་ལས་འཕར་གཉིས། གཞན་ཡང་ཟུར་དཔང་དུ་སྤྱི་འཐུས་རྒྱུན་ལས་རེ་རེ་ཕེབས་ཏེ་སྔོག་བཤེར་གནང་གི་ཡོད།
སྤྱིར་ཕ་རཱན་སི་ནི་སྦར་སིལ་སྐུ་ཚབ་དོན་ཁང་གི་ཁོངས་གཏོགས་ཆགས་ཀྱི་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཡིག་ཆ་ཕར་ཚུར་སྐུར་རྒྱུར་དཀའ་ངལ་འཕྲད་སྲིད་པར་བརྟེན་ཕ་རཱན་སི་ས་གནས་ནས་ཞུ་དོན་ལྟར་ས་གནས་སུ་འོས་བསྡུ་འགན་འཛིན་ལས་རོགས་ཤིག་བཀོད་ཡོད་པར་བརྟེན་གྲངས་བཤེར་སོགས་ས་གནས་སོ་སོར་གནང་ཡོད། དཔེར་ན། ཕ་རཱན་སི་དང་སུད་སི། ཨ་རི་ཁུལ་དུ་དེ་ལྟར་གནང་དགོས་པའི་གནས་སྟངས་ཆགས་ཡོད། མཐར་དབུས་འོས་བསྡུའི་ལས་ཁང་ནས་ཐོ་གཞུང་གཞིར་བཟུང་གྲངས་བཤེར་གནང་ཡོང་སྐབས་བེལ་ཇི་ཡམ་གྱི་གྲངས་ཐོ་ནང་ཕ་རཱན་སི་ཚུད་པ་དང་ས་གནས་ཕ་རཱན་སི་ནས་ཀྱང་གྲངས་ཐོ་ཕུལ་ཡོད། ཁ་སང་ཞིབ་འཇུག་བྱེད་སྐབས་ཉིས་ལྡབ་ཆགས་འདུག དངོས་ཡོད་གནས་སྟངས་གང་ཆགས་པ་དེ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་སྙན་སེང་ཞུས་ཡོད། ཕྱི་ཚེས་ ༨ ཉིན་གསལ་བསྒྲགས་ཞུས་པའི་ནང་ཡོ་རབ་སྤྱི་འཐུས་དང་སྲིད་སྐྱོང་བཅས་ཀྱི་འོས་གྲངས་ཕྲན་བུ་ཁྱད་པར་ཕྱིན་ཡོད་སྟབས་སླར་ཡང་བསྐྱར་བཅོས་གནང་སྟེ་གསལ་པོ་བཟོས་ཡོད།
གནད་དོན་གསུམ་པ། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་སྒྲོགས་སྦྱང་སྐབས་ལྷོ་བྱང་ཨ་རི་ཁུལ་གྱི་སྔོན་འགྲོའི་འོས་གཞི་གསུམ་པ་བསྟན་འཛིན་འཇིགས་མེད་ཀྱི་མིང་ཀློག་ནོར་བྱུང་འདུག ལྷོ་བྱང་ཨ་རིའི་ཁུལ་གྱི་སྔོན་འགྲོའི་འོས་གཞིའི་ཁོངས་ཨང་གསུམ་པ། བསྟན་འཛིན་འཇིགས་མེད། ཕ་ཡུལ་གཉའ་ནང་། ད་ལྟའི་སྡོད་གནས་མེ་སེ་ཅུ་སི། ད་ལྟའི་ལས་གནས་དབུས་གཞོན་ནུའི་ཚོགས་ཟུར་ཡིན། ཞེས་གསུང་གྲུབ་མཚམས་གསར་འགོད་པའི་དྲི་བ་ཁག་ལན་འདེབས་གནང་ཡོད་པ་བཅས། །