ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༨ རེས་གཟའ་ཉི་མ༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༦ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཚོུད་ ༢།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ལས་དྲུང་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་། གཞིས་གྲོང་ཁག་གི་སྤྱི་མི་སོགས་དང་མི་མང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཙམ་ལ་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་རིམ་གྱི་ཐོག་མར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ངོ་སྤྲོད་དང་ལས་བསྡོམས་སྙིང་བསྡུས་་ཤིག་སྙན་སྒྲོན་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་ས་གནས་འགོ་འཛིན་གྱིས་སྣེ་ཁྲིད་འོག་ས་གནས་མི་མང་ཡོངས་ཀྱིས་མ་དངུལ་བཏང་སྟེ་ས་གནས་ཀྱི་ཁྲོམ་གཞུང་བར་སྤྱི་ལེ་ ༡ ལྷག་ཙམ་གྱི་ལམ་ཉམས་གསོ་གནང་བར་རྗེས་སུ་ཡི་རང་དང་། ལས་གཞི་འདི་ནི་བཀའ་ཤག་གི་ལྟ་གྲུབ་གསུམ་ལས་རང་ཁ་རང་གསོའི་ལྟ་གྲུབ་དང་མཐུན་པ་ཡིན་སྐོར་གསུངས།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོོག་དང་། མི་ཐོག་རྒན་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ནང་བོད་མི་བཙན་བྱོལ་བ་རྣམས་ལ་གཞིས་ཆགས་ཐོབ་ཡོད་པ་མ་ཟད། གཞིས་ཆགས་ཁག་གི་ནང་བོད་མིའི་སློབ་གྲྭ་དང་། སྨན་ཁང་། དགོན་པ་སོགས་ཡོད་སྐོར་དང་། རྒྱ་གར་ཡུལ་མི་དང་བསྡུར་ན་བཙན་བྱོལ་བོད་མི་རྣམས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་དང་། བར་ལམ་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་རྒྱ་གར་ཡུལ་མི་དང་མ་མཐུན་པའི་དཀའ་ངལ་ཕྲན་བུ་འཕྲད་ཀྱི་ཡོད་ཀྱང་། རྒྱ་གར་གཞུང་དང་མངའ་སྡེ་ཁག་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། ང་ཚོས་ཁོག་པ་ཆེ་ཙམ་བྱས་ཏེ་རྒྱ་གར་ཡུལ་མི་དང་ལྷན་འཆམ་མཐུན་བྱ་རྒྱུ་ནི་ང་ཚོའི་འགན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་ས་གནས་འགོ་འཛིན་ལས་ཁུངས་དང་མི་མང་ཡོངས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཀྱི་ལས་དོན་ཚགས་ཚུད་ངང་བསྒྲུབས་ཡོད་པ་མ་ཟད། ས་གནས་ཀྱི་ཡུལ་མི་རྣམས་ལའང་མཐུན་འགྱུར་རོགས་རམ་གང་ཐུབ་བྱས་ཡོད་པར་བསྔགས་བརྗོད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད།ལས་རིམ་གྱི་མཐའ་མར་ས་གནས་མཐུས་ཚོགས་ཀྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གཞིས་མི་ཡོངས་ཀྱི་ཚབ་ཞུས་ཏེ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་ཤིག་ཕུལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།