ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༨ རེས་གཟའ་ཉི་མ།༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༧ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམས་ཀྱིས་གཙོས་མིང་མང་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཏི་ཛུ་དར་རྒྱས་གླིང་གི་༸རྒྱལ་བའི་ཕོ་བྲང་མདུན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་ལས་རིམ་གྱི་ཐོག་མར་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་ནས་ཏི་ཛུ་ལོ་ཧིཏ་རྫོང་ལས་ཁུངས་ཀྱི་སྐུ་ཚབ་ལྕམ་སྐུ་ལུའི་སྲི་བྷ་ (Lui Shiba) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲིའི་ཕྱག་རྟགས་ཤིག་ཕུལ་གྲུབ་མཚམས་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་གྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ངོ་སྤྲོད་དང་སྦྲགས་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་སྐད་ཐོག་རྒྱ་གར་ས་གནས་ཀྱི་གནད་ཡོད་མི་སྣ་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་མངའ་སྡེའི་སྐུ་མགྲོན་གྱི་མཚན་ཐོག་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་གསུང་བཤད་གནང་བའི་ནང་། རྒྱ་གར་ཡུལ་མི་དང་མཉམ་དུ་འབྲེལ་བ་ཡག་པོ་འཇོག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀའ་དྲིན་ཆེ་བ་མེད་སྐོར། འདས་པའི་དུས་ཡུན་ལོ་བཅུའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟེ་ཤེས་ཡོན་ཐོག་ཡར་རྒྱས་བཏང་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འབྲི་ཀློག་ཤེས་མཁན་གྱི་གྲངས་ཚད་བརྒྱ་ཆ་ ༩༤ ཡིན་པ་དང་། རྒྱ་གར་དང་བསྡུར་ན་བཙན་བྱོལ་བོད་མི་འབྲི་ཀློག་ཤེས་མཁན་གྱི་གྲངས་ཚད་བརྒྱ་ཆ་མཐོ་བ་ཡིན་སྐོར། ཉེ་ཆར་ཨ་རིའི་གཞུང་ནས་ཁྲིམས་སུ་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ནང་དོན་ཁག་ངོ་སྤྲོད་གནང་ཡོད།མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལམ་ས་གནས་ཀྱི་བོད་མི་རྣམས་དང་མཇལ་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་རྗེས། མི་མང་གི་དྲི་བར་ལན་འདེབས་གནང་རྗེས་ཏི་ཛུ་དར་རྒྱས་གླིང་གི་མི་མང་ཡོངས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་མཇལ་དར་དང་ཕྱག་རྟགས་ཕུལ་ཡོད་པ་བཅས། །