ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༦ རེས་གཟའ་པ་སངས།༄༅། །འདི་གའི་གསར་འགོད་པ་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱོ་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ས་ལུ་སྒ་རར་རྟེན་གཞི་བྱས་པའི་སྲད་རྒྱུད་དགོན་དུ་དགེ་འདུན་པ་དང་། དེ་ཁུལ་གྱི་མི་མང་རྣམས་དང་ཐུག་འཕྲད་གནང་སྟེ་གསུང་བཤད་གནང་ཡོད་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད།དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་རྩ་དོན་ཆེད་སྐུ་ངལ་འཛེམས་མེད་ཀྱིས་སྐུ་ལས་བསྐྱོན་གནང་བར་ས་ལུ་སྒ་ར་སྲད་རྒྱུད་དགོན་ནས་ཐུགས་རྗེ་བཀའ་དྲིན་མཚོན་ཆེད་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་ཞིག་ཕུལ་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་ལུ་སྒ་རར་ཡོད་པའི་གནུབས་ཆེན་གནམ་ལྕགས་དགོན་དུ་གསང་སྔགས་བསྟན་འཛིན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ལས་བྱེད་རྣམས་ལ་དགོང་དྲོའི་གསོལ་ཚིགས་གོ་སྒྲིག་གནང་ཡོད།དགོང་དྲོ་བཙུན་མ་རྣམས་ཀྱིས་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་འདོན་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གསང་སྔགས་བསྟན་འཛིན་ཪིན་པོ་ཆེ་དང་ལྷན་འདུ་ཁང་དུ་གཟིགས་སྐོར་ཕེབས་ཡོད་པ་བཅས། །