ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཚོུད་ ༡༢ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་པག་ཡོང་ (Pakyong) ཞེས་པའི་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དྲུག་གི་ཚོགས་གཙོ། དེ་བཞིན་སྒང་ཏོག་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་འཐུས་མི་པདྨ་དབང་གྲགས་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཉིན་རྒྱབ་ཚོུད་ ༤ པའི་ཐོག་སྒང་ཏོག་མི་མང་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་སྒང་ཏོག་བཀྲ་ཤིས་བདེ་ལེགས་མགྲོན་ཁང་གི་ཚོགས་ཁང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་མཛད་སྒོ་ཞིག་ཚོགས་ཡོད། མཛད་སྒོའི་ཐོག་མར་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་གིས་འཚམས་འདྲི་དང་སྦྲགས། ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།འགྲོ་སྟངས་བྱས་པ་ཡིན་ན་སྲིད་སྐྱོང་བདམས་ཟིན་པ་དང་། དེ་བཞིན་སྲིད་སྐྱོང་གི་ལས་ཡུན་གཙང་ལ་ཉེ་བའི་སྐབས་ས་གནས་ཁག་ཏུ་ཐུགས་རྗེ་ཆེ་ཞེས་སྐོར་སྐྱོད་ལ་ཕེབས་དགོས་པ་རེད། ང་རང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཆ་ཚང་དང་། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚང་མར་ཐུགས་རྗེ་ཆེ་ཞུ་ཆེད་ཐུག་འཕྲད་དུ་འགྲོ་དགོས་བསམ་ནས་ལས་རིམ་ཞིག་བང་བསྒྲིགས་ཡོད། འོན་ཀྱང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ས་ཆ་ཚང་མར་འགྲོ་ཐུབ་རྒྱུ་ཁག་པོ་རེད། རྣམ་པ་ཚོས་ང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་རྩ་དོན་ཆེད་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་དེ་གང་ནས་འགོ་འཛུགས་དགོས་ཀྱི་ཡོད་རེད་ཟེར་ན། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པའི་རྗེས་ངའི་ཕ་མ་གཉིས་རྒྱ་གར་ཨ་རུ་ཎཱ་ཅལ་མངའ་སྡེ་བརྒྱུད་རྡོར་གླིང་ལ་ཡུན་རིང་ཤོས་བཞུགས་ཡོད་པ་མ་ཟད། ང་རང་གི་བཟའ་ཟླ་ཡང་ཀ་སྦུག་ནས་ཡིན་སྟབས། ཕ་མ་བཙན་བྱོལ་ལ་ཕེབས་ས་དང་། ང་རང་སྐྱེས་ས། འཚར་ལོངས་བྱུང་ས་སོགས་ས་ཆ་འདི་ནས་འགོ་བཙུགས་ན་རྟེན་འབྲེལ་ཡག་པོ་འདུག་བསམ་ནས་བཅར་བ་ཡིན། ད་ལན་ང་ངེས་པར་དུ་ཡོང་དགོས་དོན་ནི། ང་སྐྱེས་ས་དང་འཚར་ལོངས་བྱུང་སའི་ས་ཆ་བླ་མ་ཧ་ཌ་གཞིས་ཆགས་དེ་ནང་སྲིད་ལས་ཁུངས་ནས་ཧ་ལམ་བཙོངས་ཚར་འགྲོ་ཡི་ཡོད་སྟབས། ད་ལན་མ་སླེབས་པ་ཡིན་ན་རྗེས་ལ་ང་སྐྱེ་ས་དང་འཚར་སའི་ཁང་པ་རྣམས་གཏོར་བ་དང་། ས་ཆ་དེ་ཡང་སྒེར་བདག་ཆགས་འགྲོ་ཡི་ཡོད་པར་བརྟེན། ད་ལན་ས་ཆ་དེ་དང་དེའི་ཁུལ་ལ་སྐོར་སྐྱོད་བྱས་ན་བསམ་བྱུང་ཞེས་དང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་ཇི་ལྟར་གཏན་འབེབས་གནང་བའི་བརྒྱུད་རིམ་དང་། ཁྲིམས་ཡིག་གི་ནང་དོན་གལ་ཆེ་ཁག་ངོ་སྤྲོད་དང་ཁྲིམས་ཡིག་དེ་ནི་བོད་མིར་མཚོན་ན་དམིགས་བསལ་ཆབ་སྲིད་ཀྱི་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་སྐོར་སོགས་གསུངས། མཐར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །