ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་རྟེན་འབྲེལ་ལ་འཚམས་འདྲི་གནང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། གཞིས་བྱེས་བོད་མི་ཡོངས། དེ་བཞིན་རྒྱ་གར་དང་འཛམ་གླིང་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་རྣམ་པ་ཚོས་གཙོས་ནང་མི་ལྷན་རྒྱས་སྐུ་ཁམས་གསལ་ཐང་དང་། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་སྨོན་འདུན་ཞུ་རྒྱུ་ཡིན།
བོད་ནང་གི་བོད་མིའི་གནས་སྟངས་ལ་ཆ་བཞག་ན་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཉེ་ཆར་རྒྱ་ནག་གཞུང་གིས་གློད་བཀྲོལ་བཏང་ཡོད། ལོ་ལྔའི་རིང་ཁོང་བཙོན་འཇུག་བྱས་པ་དེ་ཁྲིམས་འགལ་ཆགས་ཡོད། རང་ལོ་ ༡༩ ཡིན་པའི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ཉེན་རྟོག་པས་རྡུང་རྡེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་ངང་གནས་མུས་རེད། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་ཡིག་ཆགས་པ་ནས་བཟུང་བོད་ནང་གི་གནས་སྟངས་ཛ་དྲག་དང་དམ་བསྒྲགས་ཆེ་རུ་འགྲོ་བཞིན་ཡོད། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེའི་ནང་ཨ་རིའི་གཞུང་གིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་དད་རང་དབང་། ཡང་སྲིད། ཁོར་ཡུག་བཅས་ཀྱི་ཐོག་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ངོས་འཛིན་གནང་ཡོད། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེ་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆགས་ཡོད་སྟབས། བོད་ནང་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད།
ལོ་གསར་པའི་ནང་བོད་ནང་གི་བོད་མིའི་མངོན་འདོད་མ་བསྒྲུབ་བར་དུ་ང་ཚོ་ཚང་མས་ལས་འགུལ་སྤེལ་རྒྱུ་དང་། གདུང་སེམས་མཉམ་སྐྱེ་བྱེད་རྒྱུ་ཡིན་ཞེས་ང་ཚོ་ཚང་མས་དམ་བཅའ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པ་དང་། ཉེ་ཆར་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཁབ་ཐོན་ཡོད་པར་བརྟེན་ནད་ཡམས་འགོས་ཚད་ཤུགས་ཆུང་དུ་འགྲོ་བཞིན་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་འཕོ་འགྱུར་ཕྱིན་པའི་ནད་ཡམས་ཚབས་ཆེ་ཞིག་ཨིན་ཡུལ་དང་། ལྷོ་ཨ་ཕི་རི་ཀ། བ་རཱ་ཛིལ་ནང་ཁྱབ་བརྡལ་འགྲོ་བཞིན་ཡོད་པས་ཛ་དྲག་ཏུ་གྱུར་ཡོད། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་སྟོན་པ་ཡི་ཤུའི་འཁྲུངས་སྐར་དང་ཕྱི་ལོ་གསར་ཚེས་ཉིན་མི་མང་འདུ་འཛོམས་ཆེན་པོ་གནང་བར་བརྟེན་ནམ་ཡམས་སྔར་ལྷག་ཁྱབ་ཡོད། དེ་བཞིན་རྒྱ་གར་ནང་དི་ཝ་ལི་ (Diwali) ཞེས་པའི་དུས་ཆེན་སྐབས་ནད་ཡམས་ཁྱབ་ཆེ་རུ་ཕྱིན་ཡོད། དེར་བརྟེན་ལོ་གསར་པའི་ནང་འདུ་འཛོམས་མང་དྲགས་ན་ཉེན་ཁ་ཡོད། ཉེ་ཆར་མཁས་པ་ཞིག་གིས། མི་རྣམས་ཀྱིས་ནང་མི་སྤུན་མཆེད་ལྷན་དུ་འཛོམས་ཡོད་བསམ་ནས་ཁ་རས་མ་གྱོན་པ་དང་། དགའ་པོ་ཉེ་པོ་འཛོམས་ཡོད་བསམ་ནས་ལྷོད་ཡངས་ཕྱིན་པ། ངའི་ལས་རོགས་རེད་བསམ་ནས་ཁ་རས་མ་གྱོན་པ་བཅས་ལ་བརྟེན་ནས་ནམ་ཡམས་ཁྱབ་བརྡལ་ཤུགས་ཆེ་རུ་ཕྱིན་ཡོད་པའི་སྐོར་བརྗོད་འདུག
ལོ་གསར་གྱི་སྐབས་ནང་མི་སྤུན་མཆེད་དང་། གྲོགས་པོ་གྲོགས་མོ། ལས་རོགས་སོགས་འདུ་འཛོམས་བྱེད་ཀྱི་ཡོད་སྟབས་ནད་ཡམས་ཁྱབ་བརྡལ་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ཚང་མས་སྤྱང་གྲུང་དང་གཟབ་གཟབ་གནང་རོགས་ཞེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་གི་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ ཉིན་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཟིན་པ་རེད། བོད་མི་ཚང་མས་འོས་བསྡུའི་ཆ་ཤས་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་འགྲོའི་འོས་བསྡུའི་སྐབས་སུ་བོད་མི་བརྒྱ་ཆ་ ༧༦་༧༨ ཀྱིས་དངོས་སུ་ཆ་ཤས་བླངས་ཡོད། དངོས་གཞི་འོས་བསྡུའི་སྐབས་བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆ་ཤས་ལེན་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། མང་ཚོགས་ནས་འོས་བསྡུའི་ཆ་ཤས་ལེན་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་། རྡོག་རྩ་གཅིག་སྒྲིལ། བོད་སྤྱི་པའི་རྩ་དོན་ཡིད་ལ་བཅངས་པའི་ཐོག་བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་ཆེད་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་འོས་ཤོག་འཕེན་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སྩལ་བ་དེ་འཛམ་གླིང་ནང་ངོམ་ཆོག་པ་ཡོད། བོད་མི་ཚོས་འོས་བསྡུའི་ཆ་ཤས་གང་མང་བླངས་ཏེ་སྔར་ལས་ལྷག་ཡག་པ་བྱུང་ན་ང་ཚོ་དགའ་དགོས་པའི་གནས་སྟངས་ཆགས་ཀྱི་རེད། ལོ་གསར་པའི་ནང་རྣམ་པ་ཚོ་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་གི་ཡོད། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་སླད་ང་ཚོ་ཚང་མས་ལས་འགུལ་སྤེལ་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་བྱ་རྒྱུ་དང་། དེ་ལྟར་བྱུང་ན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཐུབ་ཀྱི་རེད་བསམ་ནས་ཚང་མས་ཁས་ལེན་དང་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་། གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། །