ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཀྱི་མི་མང་ཚོགས་ཁང་ ༼ཕུན་ཚོགས་ཁང་གསར།༽གསར་རྒྱག་གི་རྨང་གཞི་འདིང་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༩།༤༥ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་སོགས་ལྷན་འཛོམས་ཀྱིས་ཐོག་མར་གནས་ཆུང་སྐུ་རྟེན་མཆོག་གིས་དབུས་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་བརྩེགས་པ་གསུང་འདོན་གནང་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྨང་གཞི་འདིང་སྟེ་པང་རྡོ་ཞལ་ཕྱེ་གནང་།
དེ་རྗེས་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་ཚོགས་ཁང་གསར་རྒྱག་དང་འབྲེལ་བའི་རྒྱབ་ལྗོངས་ངོ་སྤྲོད་དང་། བཀའ་ཤག་སྐབས་བཅོ་ལྔ་ནས་དགོངས་པ་ཆེ་བཞེས་ཀྱིས་ཚོགས་ཁང་གསར་རྒྱག་སླད་མ་དངུལ་བརྒྱ་ཆ་ ༨༥ གནང་བར་རྡ་ས་ས་གནས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གསུང་བཤད་གནང་དོན། ཚོགས་ཁང་གསར་རྒྱག་གི་ས་ཆའི་བདག་དབང་དེ་སྔ་ཆོས་རིག་ལས་ཁུངས་ཀྱི་མཚན་ཐོག་ཡོད། ཆོས་རིག་ལས་ཁུངས་ལ་ས་ཆ་ཡོད་ཀྱང་འཛུགས་སྐྲུན་གྱི་ལས་འཆར་དེ་ཙམ་མེད་སྟབས་དགོས་གལ་ལ་གཟིགས་ཏེ་ས་ཆ་དེ་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་ཆགས་ཡོད། དེ་རྗེས་སྨན་རྩིས་ཁང་གི་ཡན་ལག་རྒྱ་སྐྱེེད་བཏང་སྟེ་ས་ཆ་དེ་སྟོང་པ་ལྷག་ཡོད། བཞུགས་སྒར་རྡ་ས་ནི་གནད་འགག་ཆེན་པོ་ཡིན་པ་དང་། ཕྱོགས་མཐའ་ཁག་ནས་མི་ཚོགས་མང་པོ་ཕེབས་ཀྱི་ཡོད་པ། ཆབ་སྲིད་ཀྱི་འཁྲུག་ཆ་དོད་པོ་ཡིན་པ། དེ་བཞིན་གསར་འགོད་ལྷན་ཚོགས་སོགས་ཚུགས་དགོས་ཀྱི་ཡོད་དུས། ས་ཆ་འདིའི་ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་འཆར་ཞིག་གི་ཐོག་ནས་འགྲོ་ཐུབ་ན་བསམ་སྟེ། ད་ལམ་དངོས་སུ་ཚོགས་ཁང་གསར་རྒྱག་བྱེད་ཐུབ་པ་དེ་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ངས་རྡ་ས་ས་གནས་འགོ་འཛིན་དང་། རྡ་ས་ཁུལ་གྱི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ། ད་ལྟའི་བཀའ་ཤག་གི་ལས་ཡུན་རིང་རྡ་ས་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཡོངས་རྫོགས་བོད་ལུགས་ལྟར་བཟོ་བཀོད་གནང་ཡོད་པ་ལྟར། འགྲོ་གྲོན་ལ་མ་ལྟོས་པར་མི་བརྒྱ་དང་ལྔ་བཅུ་ཙམ་ཤོང་བའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚོགས་ཁང་གསར་པ་བརྒྱག་རྒྱུའི་དགོས་དམིགས་དང་།
དེ་བཞིན་དེ་སྔ་དཔལ་ལྡན་སྲིད་སྐྱོང་མཆོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་རྙིང་པར་ཕེབས་སྐབས་ཚོགས་ཁང་གི་གནས་སྟངས་ཞེན་པོ་ཡོད་པ་གཟིགས་ཏེ་ད་ལམ་ཚོགས་ཁང་གསར་པ་ཞིག་བརྒྱག་རྒྱུ་ཐག་གཅོད་བྱུང་ཡོད་སྐོར་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཀྱི་མི་མང་ཚོགས་ཁང་གསར་རྒྱག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་དང་ལས་ཤག་འགའ་བརྒྱག་རྒྱུ་ལྷག་སྐོར་སོགས་གསུངས།
མཐའ་དོན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལམ་ཚོགས་ཁང་གསར་རྒྱག་དེ་ལམ་ལྷོངས་ཡོང་བ་དང་། ཚོགས་ཁང་བེད་སྤྱོད་གཏང་མཁན་རྣམས་ལ་བེད་སྤྱོད་ཡག་པོ་ཞིག་གཏོང་རྒྱུ་ཡོད་པ། རྡ་སར་ཡོད་པའི་བོད་མི་རྣམས་འཛོམས་ས་ཤིག་ཆགས་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ད་ལྟའི་རྡ་ས་ས་གནས་འགོ་འཛིན་དང་མ་འོངས་པར་ས་གནས་འགོ་འཛིན་སུ་ཕེབས་པ་ཡིན་ནའང་ཚང་མས་ཕྱག་ལས་ཧུར་ཐག་གནང་རོགས་གནང་། ཞེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་རྣམས་ང་ཚོས་མུ་མཐུད་གནས་ཐུབ་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།