ཕྱི་ལོ ༢༠༢༡ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་ཁུངས་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དར་མཚོན་གཅོད་འབྲེག་གནང་སྟེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་ཁུངས་དབུ་འབྱེད་གནང་།
དེ་ནས་བོད་ཀྱི་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ཀྱིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༩༠ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཐོག་མར་འགོ་འཛུགས་པ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༥ ནང་དེབ་སྐྱེལ་གནང་བ་ཞིག་ཡིན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག་ད་བར་རྒྱལ་ཡུམ་ཆེན་་མོ་གསེར་གྱི་རྟགས་མའི་རྩེད་འགྲན་ཐེངས་ ༢༥ ཚོགས་ཐུབ་པ་བྱུང་ཡོད། བཙན་བྱོལ་ནང་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་འདི་ནི་རྩེད་འགྲན་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། རྒྱལ་སྤྱིའི་ཁྲོད་ད་བར་ཐེངས་བཞི་འཛུལ་ཞུགས་གནང་ཡོད། བུད་མེད་ཁྲོད་དེ་ལྟ་བུའི་གོ་སྒྲིག་གནང་ཐུབ་མེད་སྟབས་ད་ལྟ་དམིགས་བསལ་དེའི་ཐོག་གོ་སྒྲིག་གནང་ཐུབ་ཐབས་སུ་འབད་བརྩོན་ཞུས་དང་ཞུ་མུས་ཡིན།
ཕྱི་ལོ ༢༠༡༩ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ ཉིན་ནས་དེ་སྔ་རྡ་སྟེང་དུ་ཡོད་པའི་རྩེད་རིགས་ཚོགས་པའི་ལས་ཁུངས་དེ་ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁོངས་སུ་ལས་དོན་བྱེད་འགོ་བཙུགས་ཡོད། ད་ཆ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་སྔར་ལྷག་ལས་འཆར་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུངས།
དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་ཁུངས་ད་ཆ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་སྤོས་ཏེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཚན་པ་ཞིག་གི་ངོ་བོ་ཐོག་ནས་ཕྱག་ལས་གནང་འགོ་བཙུགས་པ་རེད། དེར་བརྟེན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་གནས་བབ་དང་བསྟུན་ནས་མཐུན་འགྱུར་གནང་བཞིན་ཡོད། ལྷག་པར་དེའི་ཐོག་འབྲེལ་བ་དམ་ཟབ་ཡོང་སླད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་འཁུར་བཞེས་པའི་གནས་སྟངས་ཤིག་ཡིན། དེ་སྔ་བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་ཆུང་ནང་ཤེས་རིག་དྲུང་ཆེ་ཚོགས་མིའི་ཚུལ་དུ་ཕེབས་ཀྱི་ཡོད། ཕྱིས་སུ་ཤེས་རིག་དྲུང་ཆེ་ཚོགས་གཙོའི་ངོ་བོ་ཐོག་ཕེབས་ཀྱི་ཡོད། དེ་ནས་རིམ་བཞིན་བཀའ་ཤག་སྐབས་ ༡༥ པས་འཕྲོད་བསྟེན་ལས་ཁུངས་ནས་འགན་བཞེས་དགོས་སྐོར་ལམ་སྟོན་གནང་བ་ལྟར་འཕྲོད་བསྟེན་བཀའ་བློན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་འཕྲོད་བསྟེན་དྲུང་ཆེ་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོའི་ངོ་བོར་བཞུགས་ཀྱི་ཡོད། ད་ལྟའི་འཛིན་སྐྱོང་གིས་གང་ཐུབ་མཐུན་འགྱུར་སྦྱོར་བཞིན་ཡོད་པ་མ་ཟད། ལས་ཁུངས་ཀྱི་འགྲོ་གྲོན་ཆེ་ཕྲ་ཆུང་གསུམ་ཡོངས་རྫོགས་འཕྲོད་བསྟེན་ལས་ཁུངས་ནས་བཞེས་པའི་གནས་སྟངས་ཡིན། རྩེད་རིགས་ཐོག་སྔར་ལྷག་ལས་དོན་སྣ་མང་ལྡན་པའི་ཐོག་འགྲོ་ཐུབ་པའི་ཐོག་ཡར་རྒྱས་ཀྱི་མདུན་ཕྱོགས་སུ་བསྐྱོད་ཐུབ་པར་སྨོན་ལམ་ཡོད། ཅེས་གསུངས།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། འཕྲོད་བསྟེན་ལས་ཁུངས་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་ཁུངས་དབུ་འབྱེད་དང་འབྲེལ་དངོས་སུ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་བར་ཕྱག་ལས་ཧུར་ཐག་གནང་བར་འཚམས་འདྲི་དང་བསྔགས་བརྗོད་ཞུ་གི་ཡོད། དེ་སྔ་ཤེས་རིག་དྲུང་ཆེ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོའི་ངོ་བོར་བཅར་གྱི་ཡོད། ཕྱི་ལོ་ ༢༠༡༤་་་་༢༠༡༥ ནས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་ཚོགས་གཙོ་རྣམས་རིམ་པར་འབྲེལ་བ་བྱེད་འགོ་བཙུགས་པའི་ཐོག་ནས་ཡར་རྒྱས་གཏང་ཆེད་མཐུན་འགྱུར་རོགས་དངུལ་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ལོར་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་རང་དབང་ཅན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ (CONIFA) ཀྱི་གོ་སྒྲིག་འོག་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ (CONIFA World Football Cup 2018) ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་མཉམ་ཞུགས་སྐབས་མཐོང་མཆན་ཞུ་རྒྱུ་དང་གནམ་གྲུའི་འགྲོ་གྲོན་སོགས་ཀྱི་མཐུན་འགྱུར་བོད་མིའི་སྒྲིག་འཛུགས་ནས་གནང་ཡོད། གཞན་རྩེད་རིགས་དང་འབྲེལ་བའི་དཀའ་ངལ་ཐོག་མཐུན་འགྱུར་གང་ཐུབ་ཅི་ཐུབ་གནང་ཡོད།
ཕྱི་ལོ ༢༠༡༩ ལོར་དེའི་ཐད་རྩིས་འགོ་བཏོན་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གྱུར་ཡོད། ད་ལན་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་གང་ཡང་བྱུང་མེད། ད་ཆ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་ཚོགས་མི་གཅིག་ (National League) ནང་ཚུགས་ཡོད། ང་ཚོས་རྩེད་རིགས་ཚོགས་པར་མཐུན་འགྱུར་ཐད་ཀར་ཕུལ་མ་ཐུབ་ནའང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་རྩེད་རིགས་དང་འབྲེལ་བའི་རྐང་སྤོལ་རྩེད་ཐང་ལ་སོགས་ཀྱི་མཐུན་འགྱུར་སྐྲུན་ཡོད། འཕྲོད་བསྟེན་ནི་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་བདག་ཉར་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ། མཛད་སྒོའི་ཐོག་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་རྣམས་མཉམ་ཞུགས་གནང་ཡོད་པ་བཅས། །