ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ནུབ་བངྒཱལ་མངའ་སྡེའི་ནང་ཡོད་པའི་ཀ་སྦུག་དང་རྡོར་གླིང་ཁུལ་དུ་ཕྱོགས་ཕེབས་གནང་སྟེ་བོད་མི་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༩།༡༥ ཙམ་ལ་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་དང་། ཁྱབ་ཁོངས་མི་མང་ཡོངས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། མ་ཎི་ལྷ་ཁང་མི་མང་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་ལས་རིམ་གྱི་ཐོག་མར་ཀ་སྦུག་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ལན་ཀ་རྡོར་སྒང་གསུམ་དང་། ཨ་རུ་ཎཱ་ཅལ་མངའ་སྡེའི་ནང་ཕེབས་དགོས་དོན་གཙོ་བོ་ནི། སྲིད་སྐྱོང་གི་ལས་ཡུན་ལོ་བཅུ་གཙང་འགྲོ་ཡི་ཡོད་སྟབས། མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུ་བར་བཅར་བ་ཡིན་སྐོར་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་བར་༸སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་དེ་ནི་ང་ཚོ་ཚང་མར་བསྐལ་བ་བཟང་པོ་ཡིན་སྐོར་དང་། དགུང་ལོ་དེ་ཙམ་བཞུགས་པ་ལ་ང་ཚོ་མི་མང་དང་འགོ་ཁྲིད་ཚང་མར་འགན་ཡོད་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཚེ་ཧྲིལ་པོ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལས་བསྐྱོན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ཚོ་བཙན་བྱོལ་བོད་མི་བརྒྱ་ཆ་གཉིས་དང་ཕྱེད་ཀ་ཡོད་པ་དང་། བོད་ནང་བོད་མི་བརྒྱ་ཆ་དགུ་བཅུ་གོ་བདུན་དང་ཕྱེད་ཀ་ཡོད་སྟབས། བཙན་བྱོལ་ནང་གི་བོད་མི་བརྒྱ་ཆ་གཉིས་དང་ཕྱེད་ཀ་ཚོས་ཆོལ་ཁ་ཆོས་ལུགས་ཀྱིི་འཐེན་འཁྱེར་མེད་པར་ཕན་ཚུན་འཆམ་མཐུན་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
ལས་རིམ་གྱི་མཐའ་མར་ཀ་སྦུག་ས་གནས་འགོ་འཛིན་དང་ཁྱབ་ཁོངས་མི་མང་ཡོངས་ཀྱིས་དཔལ་ལྡན་སྲིེད་སྐྱོང་བློ་བཟང་སེངྒེ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་མཚོན་ཕྱིར་སྐུ་ཐང་ཞིག་ཕུལ་ཡོད་པ་དང་། ཀ་སྦུག་གཏན་སློབ་ཀྱི་བོད་རིགས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཀྱང་འཇམ་དཔལ་དབྱངས་ཀྱི་སྐུ་ཐང་ཞིག་ཐུགས་རྗེ་ཆེ་མཚོན་ཆེད་དུ་ཕུལ་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་རྡོར་གླིང་ས་གནས་སུ་ཕེབས་ཡོད་པ་དང་། ལམ་བར་དུ་བླ་མ་ཧ་ཌ་བོད་མིའི་གཞིས་ཆགས་འཁེལ་གྱི་ཡོད་སྟབས། དེར་འཚམས་གཟིགས་དང་། གཡས་གཡོན་གྱི་ཁྱིམ་མཚེས་ཡུལ་མི་རྣམས་དང་ཐུག་འཕྲད་གནང་ཡོད།
ཕྱི་དྲོ་ཚོུད་ ༣།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་རྡོར་གླིང་ས་གནས་སུ་ཕེབས་འབྱོར་སྐབས་རྡོར་གླིང་ས་གནས་འགོ་མང་ཡོངས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་རྡོར་གླིང་གཏན་སློབ་ཀྱི་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་ལས་རིམ་གྱི་ཐོག་མར་རྡོར་གླིང་ས་གནས་འགོ་འཛིན་གྱིས་འཚམས་འདྲིའི་གསུང་བཤད་དང་འབྲེལ་ལས་བསྡོམས་ཕུལ་རྗེས། རྡོར་གླིང་ས་གནས་འགོ་མང་ཡོངས་ཀྱིས་དཔའ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་སྒྲོལ་དཀར་གྱི་སྐུ་ཐང་ཞིག་ཕུལ་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལན་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་ཏེ་ཕ་མ་དང་། དགེ་རྒན། ལས་བྱེད། ཁྱིམ་མཚེས། ཡུལ་མི་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་གལ་ཆེན་པོ་ཡིན་སྟབས། ས་གནས་སུ་བཅར་བ་ཡིན་སྐོར་དང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཁོང་རང་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐག་ཉེ་བོའི་ཐོག་ནས་ཞབས་སྤྱི་ཞུ་རྒྱུ་བྱུང་བ་དང་། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གང་གནང་བ་ཡིན་ནའང་འགྲུབ་ཐབས་འབད་བརྩོན་ཞུ་གི་ཡོད་སྐོར། རང་ཉིད་ཀྱི་སྤོབས་པ་ཆེ་ཤོས་ཤིག་ནི་༸གོང་ས་མཆོག་གིས་མཇལ་ཁ་རེ་གནང་དུས་དེ་སྔ་༸གོང་ས་མཆོག་གིས་བཀའ་སློབ་གནང་བའི་ནང་ནས་དེ་དང་དེ་བསྒྲུབས་པ་ཡིན་ཞེས་གཏམ་བཟང་ཕུལ་ཐུབ་པ་དེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རི་གཞུང་གི་ཁྲིམས་སུ་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ངོ་སྤྲོད་དང་། དེ་སྔ་རྒྱལ་ཁབ་སུ་གང་གིས་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ལ་ངོས་འཛིན་གནང་གི་མེད་པ་དང་། ད་ལན་ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ནང་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ངོས་འཛིན་ཞུས་ཡོད་སྐོར་སོགས་གསུངས་ཡོད། །