ཕྱི་ལོ ༢༠༢༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལ་ོགསར་དུ་བཞེད་པའི་དགའ་སྟོན་རྟེན་འབྲེལ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་ལ་ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་ཞིང་བརྩེ་བའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ལོ་སྔ་མ་འདི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ང་ཚོ་ཚང་མར་ལུས་སེམས་གཉིས་ཀྱི་ཐོག་ནས་དཀའ་ངལ་མང་དག་ཅིག་འཕྲད་ཡོད། ལྷག་པར་འཛམ་གླིང་འདིའི་ནང་མི་ས་ཡ་གཉིས་ལས་བརྒལ་བ་འདས་གྲོངས་སུ་གྱུར་ཡོད། ལོ་གསར་པའི་ནང་ནད་ཡམས་དེ་འཇིག་བརྟེན་འདི་ནས་རྩ་མེད་དུ་ཕྱིན་ནས་ལུས་ལ་ན་ཚ་མེད་པ་དང་སེམས་སྐྱིད་པ། ང་ཚོ་ཚང་མར་དགའ་བཞིན་སྤྲོ་བའི་ངང་གནས་ཐུབ་རྒྱུ་དང་། བོད་ནང་དམྱལ་བ་མི་ཡུལ་ལྟ་བུར་དོན་ངོ་མའི་ཐོག་ནས་ཆགས་ཡོད། རིག་གནས་གསར་བརྗེ་གཉིས་པ་ལྟ་བུ་ཆགས་ཡོད་པར་བརྟེན་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྩ་དོན་ཐོག་བསམ་བློ་བཏང་བ་དང་སྦྲགས་ལས་འགུལ་སྤེལ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
དོན་མེད་ང་དང་ཁྱེད། ང་ཚོ་དང་ཁོང་ཚོ་ཞེས་རྩོད་པ་དེས་རང་གཞན་གཉིས་ལའང་ཕན་མི་ཐོགས། དེར་བརྟེན་ང་ཚོ་ཚང་མས་གོང་བུ་ནུས་པ་གཅིག་ཏུ་སྒྲིལ་བའི་ཐོག་ནས་རྩ་དོན་ཐད་འབུང་དགོས་པ་དང་། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་ཀྱི་ཐོག་ཐུགས་བརྩོན་གནང་བ་དང་། ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐད་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད།
མཐའ་དོན་དུ་འཇིག་བརྟེན་ལྷ་སྡེ་མི་སྡེ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པ་དང་གང་ཉིད་མཆོག་གི་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པར་སྨོན་འདུན་ཞུ་རྒྱུ་ཡིན། །