ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་ལོ་གསར་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་ཁམས་བཟང་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་བཞིན་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། སྐུ་ཁམས་བཟང་ཞིང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ལྷག་པར་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་བོད་མི་ལྷན་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
གཞན་ཡང་ཧི་མ་ལ་ཡ་ཁུལ་དང་འཛམ་གླིང་གང་སར་གནས་པའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་མཁན་ཡོངས་ལ་ལོ་གསར་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སྐུ་ཁམས་བཟང་ཞེས་ཞུ་རྒྱུ་ཡིན། །