ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་ཚེས་ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་ནང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་བོད་མི་སེར་སྐྱ་མི་མང་བདུན་ཅུ་ལྷག་མཉམ་འཛོམས་ཀྱིས་ཐོག་མར་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་སྒྲོན་འབུལ་དང་། དེ་ནས་༸རྒྱལ་བའི་ཞབས་བརྟན་སོགས་སྨོན་ལམ་གསུང་འདོན་ལེགས་པར་གྲུབ་རྗེས། གངས་ལྗོངས་དཔེ་སྐྲུན་ཁང་ནས་གསར་དུ་པར་སྐྲུན་གནང་བའི་གངས་ལྗོངས་དེབ་ཕྲེང་ ༤༡ པ་སྟེ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱི་རྩོམ་ཡིག་ཕྱོགས་སྒྲིག་༼ རྣམ་ཤེས་དང་རྨི་ལམ་དུ་འཁོར་བའི་ཕ་ཡུལ། ༽ ཞེས་པ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་བསྐྱངས།
ཐོག་མར་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་ཞུས་དོན། དཔེ་དེབ་འདི་གཙོ་བོ་དོན་གཅོད་ཟླ་བ་ཚེ་རིང་ལགས་དོན་གཅོད་ཀྱི་ལས་རྒྱུན་ཐེངས་གཉིས་ནང་བྲིས་པའི་རྩོམ་ཡིག་ཁག་ཡིན་ཞིང་། ནང་དོན་གཙོ་བོ་སྐབས་འཕྲལ་རྒྱ་ནག་གཞུང་གི་འཁྱོག་བརྗོད་ཀྱི་ལན་འདེབས་དང་། བགྲོ་གླེང་ཚོགས་འདུའི་ཐོག་གི་གཏམ་བཤད། བོད་ཀྱི་རིག་གཞུང་ངོ་སྤྲོད་སོགས་དྲ་རྒྱའི་ཐོག་སྤེལ་ཟིན་པ་ཁོ་ན་ཡིན་ནའང་། ཀུན་གསལ་འོད་སྣང་དུས་དེབ་ཀྱི་རྩོམ་སྒྲིག་པས་རྩོམ་ཡིག་འདི་དག་གསོག་ཉར་གནང་འདུག་ཅིང་། རྩོམ་ཡིག་གི་ནང་དོན་ཚང་མ་རྒྱལ་རབས་ལོ་རྒྱུས་ཐོག་ཉར་ཚགས་ཞུ་འོས་ཀྱི་རིན་ཐང་ལྡན་ཡོད་སྟབས། རྩོམ་པ་པོས་མོས་མཐུན་གནང་མིན་ལ་མ་ལྟོས་པར་གངས་ལྗོངས་དཔེ་སྐྲུན་ཁང་གི་གཙོ་འགན་བཞེས་མཁན་རྣམས་གྲོས་བསྡུར་ཐག་གཅོད་ཀྱིས་ཕྱོགས་སྒྲིག་དཔེ་སྐྲུན་ཞུས་པའི་བརྒྱུད་རིམ་སྙིང་བསྡུས་ཞུས་རྗེས། སྐུ་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་དོན། ངས་ལོ་གསར་གྱི་སྨོན་ཚིག་མང་པོ་ཞུ་དགོས་པའི་རྒྱུ་མཚན་མི་འདུག ཁ་སང་༸རྒྱལ་བ་རིན་པོ་ཆེས་བོད་ཕྱི་ནང་གི་བོད་རིགས་མང་ཚོགས་ཀྱིས་གཙོས་པའི་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་ལོ་གསར་གྱི་སྨོན་ཚིག་གནང་བ་དེ་རྣམ་པ་ཚོས་གསན་ནས་ནང་དོན་ཤེས་ཀྱི་ཡོད་པ་ཡིན་དུས། སྨོན་ཚིག་གནང་བ་ནང་བཞིན་ང་ཚོ་སོ་སོའི་ངོས་ནས་ལག་ལེན་དུ་བསྟར་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད་པ་རེད། ང་ཚོས་ལོ་གསར་འདིའི་ལོ་འགོ་ནས་བཟུང་སྟེ་༸རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་རང་རང་གིས་ནུས་ཚོད་ཀྱིས་ལག་ལེན་དུ་བསྟར་རྒྱུ་ཡིན་བསམ་པའི་དམ་བཅའ་འབུལ་དགོས་པ་འདི་གལ་ཆེན་པོ་རེད།
ལྷག་པར་དེ་རིང་འདིར་བོད་རིགས་མང་པོ་ཞིག་ལྷན་ཅིག་ཏུ་འཛོམས་ཡོད་པ་འདི་བོད་རང་གི་ས་ཐོག་ཏུ་མ་ཡིན་པར་ལུང་པ་གཞན་ཞིག་གི་ནང་དུ་འཛོམས་ཡོད་པ་ཡིན་དུས། གཅིག་ལ་གཉིས་བརྒྱུད་བྱས་ཏེ་༸རྒྱལ་བ་རིན་པོ་ཆེར་དགོངས་གཞི་གང་ཡོད་པ་དེ་ཇི་ལྟ་བ་བཞིན་དུ་ཆ་ཚང་བ་ཞིག་མི་རིགས་གཞན་དག་གི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་ཐབས་ཤེས་གནང་དགོས་ཞེས་སོགས་བཀའ་ཕེབས། ཀིརྟི་རིན་པོ་ཆེས་༸གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་དང་། གང་ཉིད་དགུང་གྲངས་བཅུ་དྲུག་ཐོག་༸གོང་ས་མཆོག་གི་སྐུ་མདུན་ལ་ཐོག་མར་བཅར་ནས་ད་བར་ཞབས་ཕྱི་ཧུར་ཐག་གནང་བའི་བརྒྱུད་རིམ་སྙིང་བསྡུས་ངོ་སྤྲོད་གནང་། རིན་པོ་ཆེས་མུ་མཐུད་བཀའ་སློབ་ཕེབས་དོན། ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་ཉིན་དང་པོའི་ལས་ཀྱི་ཐོག་མར་སྐུ་ངོ་དོན་གཅོད་ཟླ་བ་ཚེ་རིང་མཆོག་གི་ཕྱག་དེབ་ཞལ་དབྱེ་བྱ་རྒྱ་བྱུང་བར་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་གསུངས།
དེ་རྗེས་གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ནས་གསུང་བཤད་དང་། མཐའ་མ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་དོན། དཔེ་དེབ་དང་འབྲེལ་བའི་སྐོར་སྔོན་ལ་གསུང་ཚར་སོང་། འདས་པའི་དུས་ཡུན་ནང་ལས་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་གཅོད་གསར་པ་ཕེབས་པའི་སྐབས་ཚང་མས་སྔར་བཞིན་མཐུན་འགྱུར་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས། དངོས་གཞིའི་ལས་རིམ་མཇུག་སྒྲིལ་རྗེས་བོད་མི་རྣམས་ཀྱིས་དགའ་བའི་བོད་ཇ་དང་ཁ་ཟས་ཀྱིས་རོལ་ཅིང་། སྙན་པའི་གླུ་དབྱངས་ལེན་ནས་ལོ་གསར་ཚེས་གཅིག་དགའ་སྤྲོའི་རྣམ་པའི་ངང་བསུ་བ་བཅས། །