ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༩ ཉིན་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ (All Party Japanese Parliamentary Group for Tibet) ཉི་ཧོང་གྲོས་ཚོགས་འོག་མའི་ལས་ཁུངས་ཀྱི་ཚོགས་ཁང་ནང་ཚོགས་ཆེན་ཚོགས་ཏེ་བོད་ཀྱི་གནད་དོན་དང་། བོད་མིའི་འཐབ་རྩོད་དྲང་བདེན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་སླད་གྲོས་བསྡུར་གནང་ཡོད་པ་དང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་གྲངས་ ༤༩ ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད།
དེ་ཡང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་སྐབས་གསུང་དོན། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡིན་ཞིང་། ད་ལྟའི་ཆར་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་ཉི་ཧོང་གྲོས་ཚོགས་འཐུས་མི་གྲངས་ ༩༩ ཡོད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་གསར་པ་གྲངས་ ༦ འཕར་ཡོད་པའི་གནས་ཚུལ་གཏམ་བཟང་སྐོར་ཁྱབ་བསྒྲགས་གནང་ཡོད།
ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་གིས། ཉི་ཧོང་གཞུང་གིས་ཕྱི་རྒྱལ་ཡར་རྒྱས་རོགས་དངུལ་གྱི་ (Overseas Development Aid) ཆ་ཤས་སུ་རྒྱ་གར་ལ་ཉི་ཧོང་སྒོར་ས་ཡ་ ༢༩.༦༠ སྤྲོད་རྒྱུ་དང་། རོགས་དངུལ་དེས་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་ (Uttarkhand) མངའ་སྡེ་དང་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་ཆུ་དང་། གཙང་སྦྲ། འཕྲོད་བསྟེན། བདེ་དོན་བཅས་ཀྱི་ལས་གཞི་ལ་ཕན་ཐོགས་འབྱུང་རྒྱུ་ཡིན་པའི་སྐོར་བསྒྲགས་ཡོད།
ཉི་ཧོང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཀྱིས་ཉི་ཧོང་གིས་ཕྱི་རྒྱལ་ཡར་རྒྱས་རོགས་དངུལ་གྱི་ཆ་ཤས་སུ་རྒྱ་གར་ནང་གི་གྲོང་གསེབ་ཁག་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་སླད་རོགས་དངུལ་ཕུལ་ཡོད་པ་གཏན་འཁེལ་གནང་ཡོད། སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་མཆོག་གིས། རང་དབང་དང་། མང་གཙོ། ཁྲིམས་ཀྱི་དབང་སྒྱུར། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་ལྷན་མཉམ་རུབ་གནང་དགོས་པ་དང་། བོད་ཀྱི་གནད་དོན་དེ་ངེས་པར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབ་ཐུབ་པ་བཟོ་དགོས། ཞེས་གསུངས།
ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ (Sakurai Yoshiko) ལགས་ཀྱིས། ཨ་རིའི་གཞུང་གིས་བོད་དོན་སྐོར་ཁྲིམས་གཏན་འབེབས་གནང་ཡོད་པ་དང་། ཉི་ཧོང་གིས་ཀྱང་རྒྱ་ནག་གིས་ཉི་ཧོང་གི་ས་ཁུལ་དུ་བཙན་འཛུལ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གནང་དགོས། ཉི་ཧོང་མི་མང་གིས་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་རྒྱབ་སྐྱོར་དང་གཅེས་སྐྱོང་གནང་བཞིན་ཡོད། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པས་དེ་དག་ངེས་པེར་དུ་སྲུང་སྐྱོབ་དགོས་པའི་ལས་འགན་བསྒྲུབ་དགོས། ཞེས་གསུངས།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས། འབྱུང་འགྱུར་གྱི་ལས་འཆར་བཅས་དོན་ཚན་ཁག་གསུམ་གྱི་ཐོག་ངོ་སྤྲོད་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་གིས་མཚོན་པའི་འགྲོ་འདུག་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། བོད་མི་ཚོ་ཉེས་མེད་བཙོན་འཇུག་དང་རྡུང་རྡེག་བཏང་སྟེ་འདས་གྲོངས་སུ་འགྲོ་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།
ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པས་དྲི་བ་དྲིས་ལན་གནང་བ་དང་སྦྲགས་རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག་པོ། ཡུ་གུར། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གོ་རྟོགས་སྤེལ་དགོས་པའི་དགོངས་ཚུལ་བཏོན་གནང་ཡོད།
སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་རེར་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་བར་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན། ཞེས་པའི་ཉི་ཧོང་སྐད་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་ཤ་དཀར་པོའི་དཔེ་དེབ་རེ་གནང་ཡོད་པ་བཅས།།