ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༤ ཉིན་ཉི་ཧོང་གྲོས་ཚོགས་འོག་མའི་ནང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All Party Japanese Parliamentary Group for Tibet) ཚོགས་འདུ་ཚོགས་ཏེ་བོད་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་ཡོད་པ་དང་། ཉི་ཧོང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་གྲངས་བཅོ་བརྒྱད་ཙམ་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས་ཀྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ལ་ངོ་སྤྲོད་གནང་ཡོད། སྐབས་དེར་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་དགའ་བསུ་གནང་ཡོད།
དེ་ཡང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ལགས་ཀྱིས། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། འཛམ་གླིང་ནང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡིན་པ་དང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པ་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་ཡོད།
ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་དྲང་བདེན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་གནང་ཡོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པར་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བའི་སྐོར་ངོ་སྤྲོད་ཞུས་པ་དང་སྦྲགས། འབྱུང་འགྱུར་གྱི་ཟླ་བའི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་ཁག་དང་། དེ་བཞིན་ཉི་ཧོང་གིས་ཡུན་རིང་བོད་མིའི་འཐབ་རྩོད་རང་དབང་དང་། མང་གཙོ། དྲང་བདེན་བཅས་ལ་རྒྱབ་སྐྱོར་གནང་བ་དེས་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་ཆགས་པར་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད། ཅེས་གསུངས།
གཞན་ཡང་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་ (Japan Institute of National Fundamental) གི་འགན་འཛིན་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ (Sakurai Yoshiko) ལགས་ཀྱང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད། ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ལགས་ཀྱིས། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བར་རྗེས་སུ་ཡི་རང་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་འགོ་ཁྲིད་རྣམས་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པས་བློ་སྟོབས་ཆེན་པོའི་སྒོ་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རེ་སྐུལ་ཞུས་ཡོད།།