ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་༢༠༢༡ཟླ་༢ཚེས་༡༡རེས་གཟའ་ཕུར་བུའི་ཉིན་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ལམ་བརྒྱུད་ཨ་རིའི་གཞུང་ནས་ཕྱི་ལོ་༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ལ་འཚམས་འདྲི་ཞུས་ཡོད།
དེ་ཡང་དྲ་རྒྱའི་བརྒྱུད་ཚོགས་འདུར་ (Save Tibet Network) དང་། ཉི་ཧོང་ཁ་བའི་འོག་གི་མེ་ལྕེ། (Super Sangha Japan) (Free Tibet Hiroshima) (Manjusiri Mahayana Buddhist Association in Hiroshima ) (Tibetan Friendship Amity Association in Okayama) (KIKU for Tibetan Children) དང་། བོད་རང་དབང་སློབ་ཕྲུག་ཚོགས་པ། དེ་བཞིན་པོ་ཏཱ་ལ་མཐོ་སློབ་དང་ཕུ་ཀུ་ཀ་བོད་རང་བཙན་ཚོགས་པ་ ( Free Tibet Fukuoka) བཅས་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་བརྒྱུད་ནང་བསྟན་སློབ་སྦྱོང་ལྟེ་གནས་ཁང་སོགས་ཚོགས་པ་ཆེ་ཁག་བཅུ་གཉིས་ནས་དྲ་ཐོག་གི་ཚོགས་འདུར་མཉམ་ཞུགས་གནང་ཡོད།
སྐབས་དེར་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་མ་ཀི་ནོ་ (Mr. Makino Seishu) ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་གཞི་ལ་བཞག་ནས་བོད་མི་ཚོ་དང་ལྷན་བོད་མིའི་རང་དབང་ལས་འགུལ་ཐོག་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་མ་ཟད།ད་ཆ་རྒྱ་གཞུང་གིས་ཉི་ཧོང་གླིང་ཕྲན་ནང་བཙན་འཛུལ་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས་ངོ་རྒོལ་བྱེད་དགོས་སྐོར།རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་མྱུར་དུ་མཚམས་འཇོག་བྱེད་དགོས།ཞེས་དང་།ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བར་འཚམས་འདྲི་ཡོད།ཅེས་གསུངས།
དེ་རྗེས་ཉི་ཧོང་གྲོས་ཚོགས་འཐུས་མི་དང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས་ཀྱིས། ཉི་ཧོང་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་བདེན་མཐའ་གསལ་ཆེད་དང་། རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་བསྐྲུན་ཆེད་ཕྱི་ལོ་ ༢༠༡༩ ལོར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་ཡོད་སྐོར་སོགས་གསུངས།
དེ་བཞིན་ཚོགས་འདུའི་སྐབས་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གྱི་གཙོ་གནད་སྐོར་དང་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཞག་པའི་གྲོས་ཆོད་ཁག་ངོ་སྤྲོད་དང་སྦྲགས། ཚོགས་མིའི་ངོས་ནས་དེ་དག་ལག་བསྟར་ཡོང་བའི་འབད་བརྩོན་གནང་དགོས་པའི་རེ་སྐུལ་གནང་ཡོད། ཅེས་གསུངས།
ཚོགས་འདུའི་ཐོག་ཚོགས་མི་རྣམས་ཀྱིས་གནད་དོན་འདྲ་མིན་ཐོག་གྲོས་བསྡུར་གནང་བ་བཅས། །