ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ལོར་སུད་སི་དང་རྒྱ་ནག་བར་ལོ་ལྔའི་རིང་གྲོས་མཐུན་ཆིངས་ཡིག་ཅིག་བཞག་ཡོད་པ་དང་། ཆིངས་ཡིག་དེའི་ནང་རྒྱ་ནག་གཞུང་གིས་སུད་སུའི་ནང་ཡོད་པའི་རྒྱ་ནག་གི་མི་སེར་ཚོར་དོགས་པ་བྱེད་བཞིན་པ་རྣམས་རྒྱ་ནག་ལ་ཕྱིར་སློག་དགོས་མིན་གྱི་ཐད་རྒྱ་ནག་གི་གསང་བའི་ལས་བྱེད་སུད་སིའི་ནང་འགྲུལ་བཞུད་ཀྱིས་བཅར་འདྲི་བྱེད་ཆོག་པ་བཀོད་ཡོད་པ་མ་ཟད། བཅར་འདྲི་དང་འགྲུལ་བཞུད་བྱེད་ཆེད་དུ་སུད་སིའི་གཞུང་གིས་འགྲོ་གྲོན་ཆ་ཚང་གཏོང་དགོས་པ་བཀོད་ཡོད།
དེ་ཡང་དངོས་བྱུང་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་བཟོ་མཁན་གྲགས་ཅན་སྐུ་ཞབས་ཁི་རི་སི་ཊིན་ (Christian Labhart) ལགས་དང་ཁོང་གི་བཟའ་ཟླ་ཧེ་དི་ (Heidi Schmid) ལགས་རྣམ་གཉིས་ཀྱིས་ང་ཚོར་ཡོད་པ་ནི་ང་ཚོའི་འབོད་སྒྲ་ཡིན་ (All we have is our voice: Tibetan Sans-Papiers in Switzerland) ཞེས་པའི་སུད་སི་ནང་གི་བཙན་བྱོལ་བོད་མི་ཚོར་སྐྱབས་བཅོལ་བའི་ངོས་ལེན་མ་ཐོབ་པའི་དཀའ་ངལ་འཕྲད་བཞིན་པའི་སྐོར་སྐར་མ་ ༢༠ རིང་གི་དངོས་བྱུང་གློག་བརྙན་ཞིག་བཟོས་ཡོད། དངོས་བྱུང་གློག་བརྙན་དེའི་ནང་སུད་སིའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་སོ་སོར་སུད་སིའི་གཞུང་གིས་སྐྱབས་བཅོལ་བའི་ཡིག་ཆ་མ་གནང་བ་དང་། འཛིན་བཟུང་བཙོན་འཇུག་གནང་བ། ཕ་ཡུལ་དྲན་པ། དེ་བཞིན་སུད་སིའི་བོད་དོན་རྒྱབ་སྐྱོར་བ་ཚོས་བཙན་བྱོལ་བོད་མི་ཚོར་རོགས་རམ་གནང་བའི་སྐོར་བསྟན་ཡོད།
སྐུ་ཞབས་ཁི་རི་སི་ཊིན་ལགས་ལ་སུད་སིའི་ས་གནས་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུས་པའི་སྐབས་གསུང་དོན། ང་ཚོར་ཡོད་པ་ནི་ང་ཚོའི་འབོད་སྒྲ་ཡིན་ཞེས་པའི་གློག་བརྙན་དེ་ནི། སྔོན་རྩིས་འགྲོ་གྲོན་མེད་པ་དང་། ཐད་ཀར་གྱིས་གང་ཐུབ་ཅི་ཐུབ་ཁ་གསལ་བཟོས་ཡོད་པ་མ་ཟད། ཞིབ་བཤེར་དང་མཛེས་བཟོ་སོགས་བྱས་མེད། ཅེས་གསུངས།
གློག་བརྙན་དེ་ནི་བོད་དོན་རྒྱབ་སྐྱོར་བ་དང་དྭང་བླངས་པ་ཚོ་མཉམ་འབྲེལ་ལས་གྲུབ་པ་ཞིག་ཡིན། སུད་བོད་མཛའ་འབྲེལ་ཚོགས་པ་དང་། སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པ། སུད་སིའི་བུད་མེད་ཚོགས་པ། ཡུ་རོབ་གཞོན་ནུ་ཚོགས་པ་བཅས་མཉམ་རུབ་ཀྱིས་སུད་སིའི་གཞུང་ལ་བཙན་བྱོལ་བོད་མི་གྲངས་ ༣༠༠ ཙམ་ལ་སུད་སིའི་གཞུང་གིས་སྐྱབས་བཅོལ་བའི་ཡིག་ཆ་གནང་མེད་སྟབས། འགྲོ་བ་མིའི་བདེ་རྩར་དམིགས་ཏེ་སྐྱབས་བཅོལ་བའི་ཡིག་ཆ་གནང་རོགས་ཞེས་ཞུ་ཡིག་གི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་ཞུ་ཡིག་དེ་སུད་སིའི་དབང་ལྡན་མི་སྣར་འབུལ་གཏན་འཁེལ་ཡོད་པ་དང་། ཞུ་ཡིག་དེར་ད་བར་མི་གྲངས་ ༡༣༠༠ ནས་མཚན་རྟགས་བཀོད་ཡོད།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། སུད་སི་ནི་དུས་རྟག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཡིན་པ་མ་ཟད། བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་དུ་ལེན་མཁན་ཐོག་མའི་གྲས་ཀྱང་ཡིན། ཞེས་དང་། སུད་སིའི་དབང་ལྡན་མི་སྣས་སྐྱབས་བཅོལ་བའི་ཡིག་ཆ་མེད་པའི་བཙན་བྱོལ་བོད་མིའི་དཀའ་ངལ་སེལ་ཐབས་གནང་བའི་རེ་བ་ཡོད། ཅེས་གསུངས།
ང་ཚོར་ཡོད་པ་ནི་ང་ཚོའི་འབོད་སྒྲ་ཡིན་ཞེས་པའི་དངོས་བྱུང་གློག་བརྙན་དེ་སུད་སིའི་གྲོང་ཁྱེར་སོ་ལོ་ཐུན་ (Solothurn) ནང་ལོ་འཁོར་གློག་བརྙན་དུས་སྟོན་ཐོག་བསྟན་ཡོད།།