ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བསྟན་བདག་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་རང་རིགས་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་དང་། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། ལྷག་པར་འཕགས་ཡུལ་གཞུང་མང་གཉིས་ཀྱི་བཀའ་དྲིན་སྙིང་བཅངས་ཐོག ལྕགས་གླང་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་སྦྲགས། ལོ་གསར་པ་འདི་ནས་བཟུང་སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་དུ་ནད་དང་མུ་གེ དམག་འཁྲུག་སོགས་དང་། དེ་བཞིན་འབྱུང་བ་བཞི་ལ་བརྟེན་པའི་གོད་ཆག་རིགས་ལོ་རེ་བཞིན་ཇེ་ཉུང་དུ་སོང་ནས་འཇིག་རྟེན་ཡོངས་ལ་བྱམས་བརྩེའི་འཚོ་བས་ཁྱབ་ཅིང་སྣོད་བཅུད་གཉིས་ཀར་ཞི་བདེ་བག་ཕེབས་ཡོང་བ་དང་། ཡང་སྒོས་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་དྲང་བདེན་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁའི་ཉི་གཞོན་འཕྲལ་མར་འཆར་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་དང་བོད་མི་ཡོངས་ལ་སྐལ་བཟང་གི་དུས་བཟང་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། །