ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཨུ་རུ་སུ་ནི་འཛམ་གླིང་ནང་ས་ཁུལ་ཆེ་ཤོས་ཤིག་ཡིན་ནའང་དེར་བོད་མི་ཉུང་ཤས་ལས་མེད་པ་མ་ཟད་ཕལ་ཆེ་བ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་བྷུ་རི་ཡ་ཐ་དང་ཁལ་མིག ཐུ་ཝ་བཅས་ནས་ཡིན། དེ་ཡང་ཨུ་རུ་སུའི་ས་བབས་གནས་སྟངས་ཀྱི་ཆ་ནས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་ས་དང་ཐག་རིང་པོར་ཡོད་ནའང་། ཨུ་རུ་སུར་ཡོད་པའི་བོད་མི་ཚང་མས་ཚ་ཚ་འུར་འུར་གྱི་ཐོག་ནས་སྲིད་སྐྱོང་དང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་ཆ་ཤས་བླངས་ཡོད།
དེ་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་མཆོག་གིས་གསུང་དོན། སྤྱིར་རུ་སོག་ནང་གནས་སྡོད་བོད་མིའི་གྲངས་འབོར་ཉུང་ཤས་ལས་མེད་ནའང་བོད་མིའི་ཚོགས་པ་དེ་དག་ནུས་པ་དང་ལྡན་པ་ཞིག་ཡོད། དུས་རྒྱུན་ཨུ་རུ་སུར་ཡོད་པའི་བོད་མི་རྣམས་དང་ཐུག་འཕྲད་སྐབས་བོད་མི་ཞིག་ཡིན་པའི་ཆ་ནས་མང་གཙོའི་ཐོབ་ཐང་ལོངས་སྤྱོད་བྱེད་དགོས་སྐོར་དང་། དྭང་བླངས་དཔྱ་དངུལ་དུས་ཐོག་འབུལ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་དྭང་བླངས་དཔྱ་དངུལ་ལག་དེབ་ནི་བོད་མིའི་ཡིག་ཆ་གལ་ཆེ་ཤོས་ཤིག་ཡིན། ཞེས་གསུངས། །