ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༥ ཉིན་འཇིིའུ་མི་རིགས་ཀྱི་རེ་ནེ་ཁེ་སིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ (René Cassin) དང་ཡི་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ (CSW) གཉིས་ཀྱི་གོ་སྒྲིག་འོག་མཉམ་རུབ་ཀྱིས་ཡུ་གུར་མི་རིགས་སྡེབ་གསོད་ཆེན་མོ་དྲན་གསོ་བྱེད་ཅེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་ཚོགས་འདུ་ཚོགས་ཡོད་པ་དང་། དྲ་ཐོག་གི་ཚོགས་འདུའི་སྟེང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། ཉེ་ཆར་ལོ་ངོ་ ༢༠ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ཡུ་གུར་མི་རིགས་སྨན་པ་གྲགས་ཅན་སྐུ་ཞབས་གུལ་ཤན་ཨ་བྷ་སི་ (Gulshan Abbas) ལགས་ཀྱི་བུ་མོ་ཛི་བྷ་མུ་ར་ཐི་ (Ziba Murat) ལགས། ཨིན་ཡུལ་དགེ་རྩ་ཚོགས་པ་ (Humanists UK) དང་རྒྱལ་སྤྱིའི་དགེ་རྩ་ཚོགས་པའི་འགན་འཛིན་ཨན་ཌི་རེའོ་ཀོབ་སན་(Andrew Copson) ལགས། ཡི་ཤུའི་ཆོས་དཔོན་ལོར་ཌི་ཝི་ལིམ་སི་ (Rt Rev Lord Rowan Williams) ལགས་སོགས་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་ཛི་བྷ་མུ་ར་ཐི་ལགས་ཀྱིས་རང་གི་ཨ་མ་ལགས་ལ་རང་དབང་དགོས་ཚུལ་སྐོར་གསུངས་ཡོད། ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་འདས་པའི་ལོ་ངོ་བདུན་ཅུ་རིང་བོད་ནང་དྲག་གནོན་བྱས་ཏེ་བོད་མི་དད་ལྡན་པ་རྣམས་སྡེབ་གསོད་བྱས་ཡོད་པའི་སྐོར་གསུངས་ཡོད། །