ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །སིམ་ལ་སྤྱི་ཁྱབ་པ་བསྟན་འཛིན་སྣང་བ་ལགས་ཀྱིས་གཙོས་ལས་དྲུང་ཚེ་རིང་ཆོས་འཛོམས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་བཅས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Sri Jai Ram Thakur) མཆོག་དང་མཇལ་འཕྲད་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༥ ཉིན་ཧི་མཱ་ཅལ་མངའ་སྡེ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་གྱི་ཡོད་པར་འཚམས་འདྲི་གནང་ཡོད།
ཧི་མཱ་ཅལ་མངའ་སྡེ་ནི་ཕྱི་ལོ་ ༡༩༧༡ ལོར་རྒྱ་གར་གྱི་མངའ་སྡེ་བཅོ་བརྒྱད་པར་ངོས་འཛིན་གནང་ཡོད། དེ་ཡང་འཚམས་འདྲིའི་མཇལ་འཕྲད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་མཆོག་གིས་སིམ་ལ་སྤྱི་ཁྱབ་པ་བསྟན་འཛིན་སྣང་བ་ལགས་ལ་འདི་ལོའི་ཕྱི་ཟླ་ ༣ པའི་རྗེས་ཧི་མཱ་ཅལ་མངའ་སྡེ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩིའི་ལས་རིམ་ཆ་ཤས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དྲ་ལམ་བརྒྱུད་བགྲོ་གླེང་ངམ་ཚོགས་འདུ་ཞིག་གོ་སྒྲིག་ཡོང་བའི་རེ་སྐུལ་གནང་ཡོད།
སིམ་ལ་སྤྱི་ཁྱབ་ལས་ཁུངས་དང་། སིམ་ལ་ས་གནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་ཆུང་གིས་གོ་སྐབས་འདི་བརྒྱུད་མངའ་སྡེའིི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྟེའི་ཁྲལ་བབ་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་མ་ཧེནྡྲ་སིངྒ་ (Shri Mahender Singh) མཆོག མངའ་སྡེའི་ཁྲལ་བབ་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་སྐུ་ཞབས་པྲ་ཝིན་ཀུ་མར་ཏག (Mr. Praveen Kumar Taak) ལགས་བཅས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་པར་རིས་ཅན་གྱི་དཔེ་དེབ་ཕྱག་རྟགས་སུ་ཕུལ་ཡོད་པ་བཅས། །