ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་རྒྱལ་ཁབ་འདྲ་མིན་གྱི་གྲོང་སྡེའི་སྤྱི་ཁྱབ་པ་ཁག་གཅིག་དང་ལྷན་དུ་བྱམས་བརྩེ་ལྡན་པའི་དབུ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། རྒྱལ་ཁབ་འདྲ་མིན་གྱི་གྲོང་སྡེའི་སྤྱི་ཁྱབ་པ་རྣམ་པ་ཚོ་དང་ལྷན་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། དེ་རིང་གི་དྲ་ཐོག་གི་བཀའ་མོལ་ལས་རིམ་ནང་མཉམ་ཞུགས་གནང་མཁན་གྲོང་སྡེའི་སྤྱི་ཁྱབ་པ་མང་པོ་ཞིག་སྔ་མོ་ནས་ངོ་ཤེས་པ་རེད། ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་གལ་གནད་སྐོར་རྗོད་ཀྱི་ཡོད།
ང་ཚོ་ཚང་མ་ལུས་སེམས་དང་མྱོང་ཚོར་གྱི་ཆ་ནས་གཅིག་པ་རེད། ཚན་རིག་པ་ཁག་གཅིག་གིས་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད་ཅེས་བརྗོད་ཀྱི་འདུག ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་སྟབས་མི་གཞན་དང་རང་གི་ཚོགས་སྡེ་ལ་བྱམས་སྐྱོང་གནང་རྒྱུའི་བསམ་བློ་དེ་ངང་གིས་ཡོང་གི་ཡོད། རྩ་བའི་ཆ་ནས་མི་གཞན་དང་རང་གི་ཚོགས་སྡེ་ལ་བྱམས་སྐྱོང་གནང་ན་རང་ཉིད་ཀྱི་འཚོ་གནས་ལ་ཁེ་ཕན་ཡོང་གི་ཡོད་པ་ཆོས་ཉིད་རེད། དེ་རིང་ཁ་སང་འཛམ་གླིང་ནང་བལྟས་པ་ཡིན་ན་དཀའ་ངལ་ཕལ་ཆེ་བ་ང་ཚོ་རང་གིས་བཟོས་པ་ཤ་སྟག་རེད། དེར་བརྟེན་ང་ཚོས་བཟོས་པའི་དཀའ་ངལ་དེ་དག་སེལ་ཐུབ་པའི་ནུས་པ་ང་ཚོར་ཡོད།
འགྲོ་བ་མི་ལ་དབང་པོ་ལྔ་ཡོད་པ་ནང་བཞིན་སེམས་ཅན་གཞན་རྣམས་ལའང་དབང་པོ་ལྔ་ཡོད་པ་གཅིག་པ་རེད། འོན་ཀྱང་སེམས་ཅན་གཞན་ལ་མེད་པའི་འགྲོ་བ་མི་ལ་ལེགས་ཉེས་བླང་དོར་འབྱེད་ཐུབ་པའི་ཁྱད་དུ་འཕགས་པའི་ཀླད་པ་ཞིག་ཡོད། ཁྱད་དུ་འཕགས་པའི་འགྲོ་བ་མིའི་ཀླད་པ་འདི་བཀའ་ངལ་བཟོ་མཁན་ཞིག་ཀྱང་ཆགས་ཡོད། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་གི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་ཁྱིམ་ཚང་གཅིག་ལྟ་བུ་ཆགས་ཡོད། ངའི་རྒྱལ་ཁབ་དང་། ངའི་ཆོས་ལུགས་ཞེས་སོགས་ཀྱི་བསམ་བློ་གཏོང་སྟངས་དེ་དུས་ཡོལ་ཟིན་པ་རེད།རྒྱལ་སྤྱིའི་དཔལ་འབྱོར་དང་བཟོ་ལས་ལག་རྩལ་འཕེལ་རྒྱས་ཕྱིན་པར་བརྟེན་འཛམ་གླིང་འདི་བཞིན་ཆུང་དུ་འགྲོ་བཞིན་ཡོད། ད་ལྟ་ང་ཚོས་འགྲོ་བ་མི་སྤྱི་དང་འཛམ་གླིང་ཡོངས་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། ངོས་རང་ལ་ཆ་བཞག་ནའང་བཙན་བྱོལ་བ་ཆགས་པ་ནས་བཟུང་ནམ་རྒྱུན་ངོས་ཀྱིས་ང་ཚོ་ཚང་མ་གཅིག་པ་ཡིན་སྙམ་པའི་བསམ་བློ་གཏོང་གི་ཡོད། འདི་འདྲའི་བསམ་བློའི་འཁྱེར་སོ་ཞིག་ཁྱེར་ནས་ངོས་རང་ག་བར་ཕྱིན་ཡང་ང་ཚོ་ཚང་མ་གཅིག་པ་ཡིན་སྙམ་པའི་བསམ་བློ་གཏོང་གི་ཡོད། ང་ཚོ་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས། ནམ་རྒྱུན་ངོས་ལ་བསམ་བློའི་འཁྱེར་སོ་འདི་འདྲ་ཞིག་ཡོད་སྟབས། ངོས་རང་ལ་གྲོགས་མེད་ཁེར་རྐྱང་གི་ཚོར་བ་ནམ་ཡང་སླེབས་མྱོང་མེད།
ཡངས་པའི་འཛམ་གླིང་འདི་ང་ཚོ་འགྲོ་བ་མིའི་ཁྱིམ་ཚང་ཆགས་ཡོད། གྲོང་སྡེའི་སྤྱི་ཁྱབ་པ་རྣམ་པ་ཚོའི་ལས་ཀའི་ངོ་བོ་རྒྱལ་སྤྱིའི་རང་བཞིན་རེད། ཧ་ཅང་ཡག་པོ་རེད། ངའི་རྒྱལ་ཁབ་དང་། ངའི་ཆོས་ལུགས་ཁོ་ནར་བསམ་བློ་གཏོང་སྟངས་དེ་དུས་ཡོལ་ཟིན་པ་རེད། ང་ཚོས་འགྲོ་བ་མིའི་བདེ་སྡུག་གི་སྐོར་བསམ་བློ་གཏོང་དགོས། ངོས་ཀྱིས་དུས་རྟག་ཏུ་ངོས་རང་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་ནས་གཅིག་ཡིན་བསམ་གྱི་ཡོད། བསམ་བློའི་འཁྱེར་སོ་དེས་ངོས་རང་ག་བར་ཕྱིན་ཡང་མི་སུ་དང་ཐུག་འཕྲད་བྱེད་སྐབས་གཅིག་པ་ཡིན་སྙམ་པའི་ཚོར་སྣང་ཡོང་འཇུག་གི་འདུག
སྐབས་རེར་མི་ཚོས་ཕན་ཚུན་ཐུག་འཕྲད་བྱེད་སྐབས་ལག་འཇུ་མ་གནང་གོང་ཐོག་མར་སོ་སོའི་སྐོར་ངོ་སྤྲོད་གནང་རྒྱུར་དང་དོད་གནང་གི་འདུག ངོས་ཀྱིས་དེ་ནི་བྱབ་ཆུང་ཞིག་རེད་སྙམ་གྱི་འདུག ང་ཚོར་མིག་གཉིས་དང་། སྣ་ཁུག་གཅིག ཁ་གཅིག་བཅས་ཡོད་པ་གཅིག་པ་རེད། ང་ཚོས་འཛུམ་མུལ་མུལ་བྱེད་ཆོག་གི་རེད། ངོས་རང་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཨང་གཉིས་པ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བའི་སྐབས་རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་གར་ནི་འཕགས་པའི་ཡུལ་རེད། ཅེས་བརྗོད་བྱུང་། དེ་བདེན་པ་རེད། རྒྱ་གར་ནི་ཆོས་དང་ལོ་རྒྱུས་ཀྱི་ཆ་ནས་ང་ཚོར་འབྲེལ་བ་དམ་ཟབ་ཡོད།
ངོས་རང་ལ་མཚོན་ན་ཕ་ཡུལ་བོད་དང་རྒྱ་གར་གཉིས་ཁྱད་པར་མེད། དེ་བཞིན་ངོས་རང་ཡུ་རོབ་དང་། ཨ་ཕི་རི་ཀ། ལ་ཊིན་ཨ་མི་རི་ཀ་སོགས་ལ་སྐྱོད་སྐབས་འགྲོ་བ་མི་གཅིག་པ་ཡིན་བསམ་གྱི་འདུག ང་ཚོས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་གནང་དགོས། གོ་ལའི་ཚ་དྲོད་དང་། དཔལ་འབྱོར། ཁོར་ཡུག་སོགས་ཀྱི་དཀའ་ངལ་ཐད་ནས་བཤད་ནའང་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཆགས་ཡོད་པ་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ར་འཕྲོད་ཡོང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ།
བགྲོ་གླེང་འདི་བཞིན་སྲིད་བྱུས་བགྲོ་གླེང་བསྟི་གནས་ཁང་དང་། ཨ་རིའི་གྲོང་སྡེ་སྤྱི་ཁྱབ་ཁག་གི་ལྷན་ཚོགས་ཟུང་འབྲེལ་ཐོག་སྟོབས་ལྡན་གྱི་གྲོང་ཁྱེར་འབྲེལ་མཐུད་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན།།