ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༤ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༠ ཉིན་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་ (Kamala Harris) མཆོག་གིས་ཨ་རིའི་སྲིད་འཛིན་གཞོན་པ་ཐེངས་ ༤༩ པའི་ལས་ཁུར་དམ་འབུལ་ཞུས་གནང་བར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༣ ཉིན་དགའ་བསུའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། མི་མང་ལ་སྲི་ཞུ་བསྒྲུབ་པར་སྐུ་ཉིད་མཆོག་ལ་ཡི་རང་ཞུ་འོས་པའི་ཉམས་མྱོང་གི་རྒྱབ་ལྗོངས་ཡོད་སྟབས། སྐུ་ཉིད་མཆོག་གིས་ཨ་རིའི་མི་མང་ལ་དོན་སྙིང་ལྡན་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་ངོས་ལ་ཐེ་ཚོམ་མེད། སྐུ་ཉིད་མཆོག་ཨ་རིའི་ལོ་རྒྱུའི་ནང་སྲིད་འཛིན་གཞོན་པའི་གོ་གནས་འཛིན་མཁན་བུད་མེད་ཆེས་ཐོག་མ་དེ་ཆགས་ཡོད་པས་ལྷག་པར་ངོས་རང་དགའ་པོ་བྱུང་།
སྐུ་ཉིད་མཆོག་ནི་ཨ་རིའི་ནང་གི་མི་མང་ཙམ་མིན་པར་ཨ་རིའི་འགོ་ཁྲིད་ལ་རེ་ལྟོས་བྱེད་མཁན་རྒྱལ་ཁབ་གཞན་གྱི་མི་རྣམས་ལའང་ཧ་ཅང་སེམས་ཤུགས་སྐྱེད་རྒྱུའི་འབྱུང་གཞི་ལྟ་བུ་ཆགས་ཡོད། ལྕམ་སྐུ་སྲིད་འཛིན་གཞོན་པ་མཆོག ངོས་རང་བུད་མེད་རྣམས་ནི་བྱམས་སེམས་ཆེ་ཞིང་གཞན་གྱི་བདེ་སྡུག་གི་ཚོར་བ་ལ་ཐུགས་ཁུར་བྱེད་མཁན་ཡིན་པར་ཡིད་ཆེས་ཤུགས་ཆེ་བྱེད་མཁན་ཞིག་ཡིན། ངོས་ཀྱིས་བུད་མེད་ཚོར་དེ་ལྟ་བུའི་ཁྱད་ཆོས་ལྡན་ཡོད་པ་དང་ཐོག་ངོས་ཀྱི་ཨ་མ་ལགས་ཀྱི་བརྒྱུད་ནས་ཤེས་རྟོགས་བྱུང་།
བྱམས་བརྩེ་དང་འབྲེལ་ནས་བཤད་ནའང་བུད་མེད་ཚོས་མི་གཞན་གྱི་དཀའ་ངལ་མང་བ་ཚོར་ཐུབ་མཁན་ཡིན་པར་ཚན་རིག་གིས་དཔང་རྟགས་སྟོན་རྒྱུ་ཡོད། དེང་སང་བུད་མེད་འགོ་ཁྲིད་ཀྱི་རིན་ཐང་དང་གལ་གནད་ལ་ངོས་འཛིན་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་སེམས་ཤུགས་སྐྱེད་འོས་པ་ཞིག་རེད།
ངོས་ཀྱིས་གལ་ཏེ་ང་ཚོའི་འགོ་ཁྲིད་བུད་མེད་མང་བ་ཡོད་ན་འཛམ་གླིང་འདི་བཞིན་ཞི་བདེ་དང་ཕན་ཚུན་བསམ་ཤེས་ཡོད་མཁན་ཞིག་ཆགས་ཐུབ་ཀྱི་རེད་སྙམ་པའི་ཚོར་སྣང་ཡོང་གི་འདུག ཨ་རིའི་རྒྱལ་ཁབ་ནི། རང་དབང་དང་། མང་གཙོ། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅས་འདོད་མཁན་འཛམ་གླིང་གི་མི་ཧ་ཅང་མང་པོ་ལ་རེ་བའི་འོད་སྣང་སྦྱིན་མཁན་ཡིན་པའི་ཆ་ནས་ངོས་རང་ཆུང་བྱིས་པའི་སྐབས་ནས་བཟུང་ཨ་རིར་ཡིད་སྨོན་བྱེད་མཁན་ཞིག་ཡིན། ལྕམ་སྐུ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་གིས་ཨ་རིའི་སྟོབས་ལྡན་རྒྱལ་ཁབ་ཀྱི་མི་མང་གི་མངོན་འདོད་དང་རེ་བ་བསྐང་ཐུབ་པའི་ཐུགས་སྨོན་དང་བཅས། ཞེས་འཁོད།།