ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཨིན་ཇིའི་སློབ་གྲྭས་ (The British School in New Delhi) གསོལ་འདེབས་ཞུས་དོན་ལྟར་སློབ་ཕྲུག་རྣམས་ལ་བདེ་ཐང་དང་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་སྐོར་བཀའ་སློབ་སྩལ་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཨིན་ཇིའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་དོན། བཀྲ་ཤིས་བདེ་ལེགས། ངོས་རང་རྒྱ་གར་གྱི་སློབ་ཕྲུག་གཙོ་བོར་གྱུར་བའི་སློབ་ཕྲུག་རྣམས་དང་ཐུག་འཕྲད་བྱ་རྒྱུ་བྱུང་བས་དངོས་གནས་དྲང་གནས་ཧ་ཅང་དགའ་པོ་བྱུང་། ངོས་རང་ལ་ཆ་བཞག་ན་ཆུང་བྱིས་པའི་སྐབས་ནས་བཟུང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་སྦྱངས་པ་ཡིན། ཀླད་པའི་ཆ་ནས་བཤད་ན་ངོས་ཀྱི་ཀླད་པའི་ཆ་ཤས་རེ་རེའི་ནང་རྒྱ་གར་གྱི་ནཱ་ལེནྡྲའི་ལེགས་བཤད་དེ་དག་བླུགས་ཡོད་པ་དང་། གཟུགས་པོའི་ཆ་ནས་ཀྱང་ངོས་ཀྱི་མི་ཚེ་ཕལ་ཆེ་བ་རྒྱ་གར་ནང་བསྐྱལ་བ་རེད། ངོས་ཀྱི་གཟུགས་པོ་འདི་ཡང་རྒྱ་གར་གྱི་སྲན་མ་ (Dal) དང་། བག་ལེབ། (Chapati) འབྲས་བཅས་ལ་བརྟེན་ནས་འཚོ་བཞིན་ཡོད། དེར་བརྟེན་ངོས་ཀྱིས་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་བསམ་གྱི་ཡོད།
ངོས་ཀྱིས་མི་མང་པོ་དང་། ལྷག་པར་ཚན་རིག་པ་ཚོ་དང་ཐུག་འཕྲད་བྱེད་སྐབས་གཞི་ནས་དངོས་གནས་དྲང་གནས་ངོས་རང་གིས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་སྦྱངས་ནས་འགྲིག་འདུག་བསམ་པའི་བློ་ཡིད་ཚིམས་པ་ཞིག་ཡོང་གི་འདུག མི་ཁ་ཤས་ཤིག་གིས། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་དཔལ་ནཱ་ལེནྡྲའི་སློབ་གཉེར་ཁང་ཆུང་ཆུང་ཞིག་ཡོད་པའི་སྐོར་བརྗོད་ཀྱི་འདུག རིམ་པས་དཔལ་ནཱ་ལེནྡྲའི་སློབ་གཉེར་ཁང་གིས་ནང་པའི་ལྟ་གྲུབ་སྦྱང་རྒྱུར་དང་དོད་ཆེན་པོ་གནང་འདུག དཔལ་ནཱ་ལེནྡྲའི་སློབ་གཉེར་ཁང་གིས་མཁས་པ་ཆེན་པོ་མང་པོ་གསོ་སྐྱོང་གནང་ཡོད། དཔེར་ན་དཔལ་ནཱ་ལེནྡྲའི་སློབ་གཉེར་ཁང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཆོས་གྲགས་སོགས་བྱུང་ཡོད།
ངོས་ཀྱིས་འདས་པའི་ལོ་ངོ་ ༤༠ ལྷག་རིང་ཚན་རིག་པ་ཚོ་དང་ལྷན་བགྲོ་གླེང་བྱས་པ་ཡིན། ཚན་རིག་པ་ཚོས་ཕྱི་དངོས་པོའི་སྐོར་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད་ལ། ཁོང་ཚོས་ཕྱི་དངོས་པོའི་སྐོར་བརྟག་དཔྱད་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་དེང་རབས་ཚན་རིག་པ་ཚོར་འགྲོ་བ་མིའི་བློའི་རྣམ་གཞག་སྐོར་མཁྱེན་རྒྱ་དེ་ཙམ་མེད། རྒྱ་གར་གྱི་ནཱ་ལེནྡྲའི་ལེགས་བཤད་དེ་དག་གིས་བློའི་རྣམ་གཞག་དང་། ཉོན་མོངས་པའི་བློའི་འབྱུང་རྐྱེན་དང་དེའི་གཉེན་པོ་བསྟེན་སྟངས་སྐོར་འགྲེལ་བཤད་ཧ་ཅང་ཟབ་པོ་བརྒྱབ་ཡོད། དེར་བརྟེན་དེང་རབས་ཚན་རིག་པ་ཚོས་ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་རྒྱ་གར་གྱི་ནཱ་ལེནྡྲའི་ལེགས་བཤད་དེ་དག་ལ་ཡིད་སྨོན་བྱེད་ཀྱི་འདུག དེ་བཞིན་ལོ་ངོ་སྟོང་ཕྲག་གསུམ་གོང་ནས་རྒྱ་གར་ནང་རྒྱ་གར་གྱི་རིག་གཞུང་འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་བ་དེ་དག་དར་ཡོད། ལུས་ངག་གི་འཚེ་བ་གཙོ་བོ་ཀུན་སློང་ལ་བརྟེན་ནས་འབྱུང་གི་ཡོད། སེམས་ནང་བྱམས་བརྩེ་ཡོད་ན་འཚེ་བ་ཡོང་གི་མ་རེད། སེམས་ནང་ཁོང་ཁྲོ་ཡོད་ན་འཚེ་བ་ཡོང་གི་ཡོད།
ལོ་ངོ་སྟོང་ཕྲག་གསུམ་གོང་ནས་རྒྱ་གར་ནང་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་སྐོར་གསུངས་ཡོད། དཔལ་ཡོན་གྱི་ཆ་ནས་བཤད་ནའང་རྒྱ་གར་གྱི་དཔལ་ཡོན་ནི་ཆེས་སྔ་ཤོས་ཆགས་ཡོད། རྒྱ་གར་ལ་དེང་རབས་ཤེས་ཡོན་དང་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་རྒྱུའི་ནུས་པ་ཡོད། དེང་རབས་རྒྱ་གར་གྱིས་དེང་རབས་ཤེས་ཡོན་ལ་ཧ་ཅང་དང་དོད་གནང་སྟེ་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་སྐོར་ཅུང་ཙམ་ལྷོད་ཡངས་གཏོང་གི་འདུག དུས་རབས་གོང་མའི་ནང་བདག་ཉིད་ཆེན་པོ་གན་དྷིས་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བའི་ཐབས་ལམ་སྐོར་ལམ་སྟོན་གནང་ཡོད། དེ་རིང་ཁ་སང་གི་རྒྱ་གར་གྱི་གཞོན་སྐྱེས་ཚོས་འཛམ་གླིང་ཡོངས་ལ་བྱམས་བརྩེ་དང་འབྲེལ་ནས་སེམས་ཞི་བདེ་ཇི་ལྟར་ཉར་དགོས་པའི་སྐོར་ལམ་སྟོན་གནང་དགོས།
དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སེམས་ཞི་བདེ་གོང་འཕེལ་གཏོང་བར་རྒྱ་གར་གྱི་གཞོན་སྐྱེས་རྣམས་ནས་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་བསྐྱར་གསོ་བྱས་ཏེ་འཛམ་གླིང་ཡོངས་ལ་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། ནང་སེམས་ལ་ཞི་བདེ་ཡོད་ན་ཞི་བདེ་ངོ་མ་དེ་ཡོང་གི་ཡོད། ཚང་མས་ཞི་བདེའི་གལ་གནད་སྐོར་རྗོད་ཀྱི་ཡོད། ཞི་བདེའི་ཆེད་དུ་གོ་མཚོན་རིགས་ཉུང་དུ་བཏང་ན་ཡག་པོ་ཡོད། འོན་ཀྱང་ཞི་བདེ་ངོ་མ་དེ་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་བ་ཡོད། དཀའ་ངལ་ཞིག་འཕྲད་སྐབས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། རྒྱ་གར་གྱི་གཞོན་སྐྱེས་རྣམས་ནས་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་སྐོར་བསམ་བློ་མང་ཙམ་གཏོང་རོགས། འདི་ནི་ངོས་ཀྱི་རེ་སྐུལ་ཡིན། ཞེས་བཀའ་སློབ་སྩལ་རྗེས། སློབ་ཕྲུག་རྣམས་ཀྱི་བཀའ་འདྲི་ཁག་ལ་བཀའ་ལན་སྩལ།
བཀའ་སློབ་ཀྱི་མཇུག་བསྡོམས་སྐབས། མགོན་པོ་གང་ཉིད་མཆོག་གིས། ཏོག་དབྱིབས་གཉན་རིམས་འདི་རིམ་པས་ཞི་བ་ཡིན་ན་ངོས་རང་ལྡི་ལིར་འགྲོ་རྒྱུའི་འདུན་པ་ཤུགས་ཆེན་པོ་ཡོད། གཙོ་བོ་མཐོ་སློབ་ཁག་གི་དགེ་རྒན་ཆེན་མོ་དང་སློབ་ཕྲུག་རྣམས་ཐུག་འཕྲད་བྱ་རྒྱུ་དང་། དཔེར་ན་ཇཝཱ་ཧར་ལལ་ནེ་རུ་གཙུག་ལག་སློབ་གཉེར་ (Jawaharlal Nehru Univeristy) ཁང་དང་མཐོ་སློབ་གཞན་ཁག་གི་དགེ་རྒན་ཆེན་མོ་དང་། ཤེས་ཡོན་སློབ་སྟོན་པ་སོགས་དང་ཐུག་འཕྲད་ཀྱིས་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་དེང་རབས་རྒྱ་གར་ནང་ཇི་ལྟར་བསྐྱར་གསོ་བྱེད་དགོས་པའི་སྐོར་བགྲོ་གླེང་བྱ་རྒྱུ་ཡིན། རྒྱ་གར་གྱི་དེང་རབས་ཤེས་ཡོན་ལམ་ལུགས་དེ་ཨིན་ཇིས་རྒྱ་གར་ནང་ངོ་སྤྲོད་གནང་བ་ཞིག་ཡིན། རྒྱ་གར་བ་ཚོས་རྒྱ་གར་ནང་དེང་རབས་ཤེས་ཡོན་དང་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་རྒྱུའི་ཐོག་བསམ་བློ་མང་ཙམ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།