ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ ༢༠༢༡ ཟླ་ ༡ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་ཞུས་ཏེ་ཨ་རིའི་སྲིད་འཛིན་ཐེངས་ ༤༦ ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་ལ་དགའ་བསུའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ངོས་རང་གོ་ལའི་ཚ་དྲོད་རྒྱས་པའི་རྐྱེན་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཐོག་སེམས་འཚབ་ཆེན་པོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྐུ་ཉིད་མཆོག་གིས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གཙོ་བོར་བཟུང་སྟེ་སེལ་ཐབས་གནང་རྒྱུ་ཡིན་པ་དང་། གཞན་ཡང་ཨ་རིའི་གཞུང་གིས་པེ་རི་སིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་གྱི་ཁོངས་སུ་བསྐྱར་དུ་མཉམ་ཞུགས་གནང་གཏན་འཁེལ་བར་ངོས་རང་ཧ་ཅང་དགའ་པོ་བྱུང་།
གོ་ལའི་ཚ་དྲོད་ཀྱིས་རྐྱེན་པས་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་དེ་ནི་འཛམ་གླིང་ཡོངས་དང་། ལྷག་པར་སེམས་ཅན་ཚང་མར་ཛ་དྲག་གི་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད། སྐུ་ཉིད་མཆོག་གིས་ཨ་རི་ཡར་རྒྱས་ཀྱི་མདུན་ཕྱོགས་སུ་བསྐྱོད་རྒྱུའི་སྲིད་བྱུས་སོགས་ལག་བསྟར་གནང་འཆར་ཡོད་པར་ཡི་རང་བསྔགས་བརྗོད་ཡོད། ངོས་རང་སྔ་མོ་ནས་སྐུ་ཉིད་ཀྱི་སྟོབས་ལྡན་རྒྱལ་ཁབ་ཨ་རིའི་རང་དབང་དང་། མང་གཙོ། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་ཡིད་སྨོན་བྱེད་མཁན་ཞིག་ཡིན།
འཛམ་གླིང་གི་རྒྱལ་ཁབ་ཡོངས་ནས་ཨ་རིའི་མང་གཙོའི་ཕུགས་འདུན་དང་རྣམ་དཔྱོད་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་ལ་རེ་བ་བཟང་པོ་ཞིག་བཅོལ་བཞིན་ཡོད། འཛམ་གླིང་ནང་བཀྲེས་ལྟོགས་དང་། ནད་ཡམས། འཚེ་བ་བཅས་ཀྱིས་མནར་བཞིན་པའི་སྐབས་འདིར་སྐུ་ཉིད་མཆོག་གིས་རོགས་རམ་དང་འཛམ་གླིང་འདི་བཞིན་ཞི་བདེ་དང་འཆམ་མཐུན་ལྡན་པ་བསྐྲུན་རྒྱུར་ཞབས་འདེགས་ཞུ་ཐུབ་རྒྱུར་ངོས་རང་གདེང་ཚོད་ཡོད། དཀའ་ངལ་དེ་དག་སེལ་རྒྱུ་ནི་ཛ་དྲག་ཅན་ཞིག་ཆགས་ཡོད།
ངོས་ཀྱིས་གོ་སྐབས་འདི་བརྒྱུད་སླར་ཡང་སྐུ་ཉིད་མཆོག་གིས་དུས་ཡུན་རིང་པོའི་རིང་བོད་ཀྱི་རྩ་དོན་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་འགོ་ཁྲིད་དང་མང་ཚོགས་ནས་གནའ་བོའི་བོད་ཀྱི་ནང་པའི་རིག་གཞུང་སྟེ་ཞི་བདེ་དང་། འཚེ་བ་མེད་པ། བྱམས་བརྩེ་མི་ཉམས་རྒྱུན་འཛིན་ཆེད་རྒྱབ་སྐྱོར་གནང་བཞིན་པ་ནི་བཀའ་དྲིན་ཆེན་པོ་ཡིན་པ་དྲན་གྱི་ཡོད།
མཐར་སྐུ་ཉིད་མཆོག་གིས་འབྱུང་འགྱུར་གྱི་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟེ་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་ཐུབ་པ་དང་། དེ་བཞིན་འཛམ་གླིང་འདི་བཞིན་ཞི་བདེ་དང་འཆམ་མཐུན་ལྡན་པ་ཞིག་བསྐྲུན་ཐུབ་པའི་ཐུགས་སྨོན་དང་བཅས། ཞེས་གསུང་འཕྲིན་སྩལ།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།