ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་བསྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཨིན་ཇི་སློབ་གྲྭའི་ (The British School in New Delhi) གསོལ་འདེབས་ཞུས་དོན་ལྟར་བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་བསྩལ་རྒྱུ་དང་། དེ་རྗེས་སློབ་གྲྭ་དེ་གའི་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་བསྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །