ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༧ རེས་གཟའ་ཉི་མ།
༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཧར་ཝ་ཌིའི་ཚོང་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་གསར་ཤོག་སྟེང་དཔྱད་རྩོམ་འབྲི་མཁན་སྐུ་ཞབས་ཨར་ཐུར་བྷུ་རུག་སི་ (Arthur Brooks) ལགས་དང་ལྷན་དུ་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་སྐོར་བཀའ་མོལ་གནང་ཡོད། ཐེངས་འདིའི་བཀའ་མོལ་གྱི་ལས་རིམ་ཐོག་ཧར་ཝ་ཌིའི་ཚོང་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་སློབ་མ་སོགས་མཉམ་ཞུགས་ཞུས་ཡོད།
དེ་ཡང་ཐོག་མར་ཧར་ཝ་ཌིའི་ཚོང་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨར་ཐུར་བྷུ་རུག་སི་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་དང་། བཀའ་མོལ་གྱི་ལས་རིམ་ཐོག་མཉམ་ཞུགས་གནང་མཁན་རྣམས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཞུས་རྗེས་མགོན་པོ་གང་ཉིད་མཆོག་ལ་བདེ་སྐྱིད་ཐོབ་པར་ཆོས་དང་སྒོམ་ཉམས་ལེན་གྱི་གལ་ཆེ་རང་བཞིན་ཅི་ཡིན་ནམ། ཞེས་བཀའ་འདྲི་ཞུ་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ཧར་ཝ་ཌིའི་ཚོང་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་རྣམ་པ་དང་། གྲོགས་པོ་རྙིང་པ་རྣམ་པ། དེ་བཞིན་སློབ་མ་རྣམ་པ་ཚོ་དང་ལྷན་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བས་ངོས་རང་ཧ་ཅང་དགའ་པོ་བྱུང་། ང་ཚོ་ཉིན་ལྟར་འཚོ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བདེ་སྐྱིད་ཀྱི་དོན་དུ་ཡིན། གལ་ཏེ་ང་ཚོའི་ཉིན་རེའི་འཚོ་བའི་ནང་སེམས་ལ་བཟོད་སྒོམ་དཀའ་བའི་གནས་སྟངས་ཤིག་བྱུང་བ་ཡིན་ན་སེམས་ནང་ལ་མི་ཚེ་ཐུང་དུ་གཏོང་རྒྱུའི་འདུན་པ་སྐྱེ་ཡི་ཡོད། མཐར་རང་བཞིན་གྱིས་གྲོངས་འགྲོ་ཡི་ཡོད། དེར་བརྟེན་ང་ཚོ་ཡུན་རིང་འཚོ་བར་གདེང་ཚོད་དང་རེ་བ་དགོས་རྒྱུ་དེ་གནད་འགག་གཙོ་བོ་ཆགས་ཡོད།
ནམ་རྒྱུན་ངོས་ཀྱིས་གཟུགས་པོའི་འཕྲོད་བསྟེན་དང་སེམས་ཀྱི་འཕྲོད་བསྟེན་གྱི་གལ་གནད་སྐོར་རྗོད་ཀྱི་ཡོད། ང་ཚོས་གཟུགས་པོའི་འཕྲོད་བསྟེན་སྐོར་གཟབ་གཟབ་བྱེད་ཀྱི་ཡོད། སེམས་ཀྱི་འཕྲོད་བསྟེན་ཟེར་བ་དེ་གཙོ་བོ་སོ་སོ་རང་ཉིད་ལ་རག་ལུས་ཡོད། རྒྱུན་དུ་སེམས་ལ་དངངས་སྐྲག་དང་ཁོང་ཁྲོ་སྐྱེས་ནས་བསྡད་ན་དེས་མི་ཚེ་ཐུང་དུ་གཏོང་གི་ཡོད། སེམས་ལ་བདེ་སྐྱིད་དང་གདེང་ཚོད་ཡོད་ན་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་རྒྱུའི་འདུན་པ་སྐྱེ་ཡི་ཡོད། དེ་ལྟ་བུའི་བསམ་བློ་གཏོང་སྟངས་དེས་སེམས་ལ་སྟོབས་ཤུགས་སྐྱེད་འཇུག་གི་ཡོད། རྒྱུ་མཚན་ཡོད་པའི་ཐོག་རང་ཉིད་ལ་གདེང་ཚོད་རྙེད་ན་མཐར་སེལས་ལ་ཞི་བདེ་ཡོང་གི་ཡོད།
ང་ཚོ་སྤྱི་ཚོགས་བརྟེན་པའི་སྲོག་ཆགས་ཡིན་པའི་ཆ་ནས་སྐྱེ་དུས་སྐབས་ནས་ང་ཚོས་གཅིག་ཕན་གཅིག་གྲོགས་བྱེད་ཀྱི་ཡོད། གཞན་ལ་རོགས་ཡོད་བྱེད་ན་གཞི་ནས་མི་ཚེ་དོན་ལྡན་པ་ཞིག་སྐྱེལ་བཞིན་ཡོད་པ་ངོས་འཛིན་ཐུབ་ཀྱི་རེད། ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་དགོས་པའི་སྐོར་རྗོད་ཀྱི་ཡོད། ཕྲུ་གུ་ཚོས་འགྲོ་བ་མིའི་ཤ་མདོག་དང་། རིགས་རུས། མི་རིགས། ཆོས་ལུགས་སོགས་ཀྱི་དབྱེ་བ་མི་འབྱེད་པར་རྩེད་མོ་རྩེ་ཡི་རེད། དེ་ནས་ཁོང་ཚོ་སློབ་གྲྭར་ཞུགས་རྗེས་སློབ་གྲྭ་ནས་ཕྲུ་གུ་རྣམས་ལ་འགྲོ་བ་མི་གཅིག་གྱུར་ཡིན་པའི་སྐོར་སློབ་ཁྲིད་གནང་རྒྱུའི་ཚབ་ལ་འགྲོ་བ་མིའི་ཤ་མདོག་དང་། རིགས་རུས། མི་རིགས། རྒྱལ་ཁབ། ཐ་ན་ཆོས་ལུགས་གཅིག་པ་ཡིན་ཡང་དབུལ་ཕྱུག་སོགས་ཀྱི་དབྱེ་འབྱེད་སྐོར་གཙོ་འདོན་གནང་གི་ཡོད།
དེར་བརྟེན་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྙན་གྲགས་ཅན་གྱི་ཧ་ཝར་ཌི་སློབ་གྲྭ་ཆེན་མོས་འགྲོ་བ་མི་གཅིག་གྱུར་ཡིན་པའི་སྐོར་གོ་རྟོགས་སྤེལ་དགོས། རིམ་པས་སློབ་གྲྭ་ཆེན་མོ་གཞན་ཚོའི་ནང་དེ་ལྟར་གོ་རྟོགས་སྤེལ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་སློབ་དཔོན་ཨར་ཐུར་བྷུ་རུག་སི་ལགས་ཀྱིས་འགོ་ཁྲིད་མང་པོ་ཞིག་སྐྱིད་པོ་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་བཀའ་འདྲི་ཞུ་སྐབས། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་བསམ་ན་དེ་ནི་གཙོ་བོ་ཤེས་ཡོན་གྱི་ལམ་ལུགས་ལ་རག་ལས་ཡོད་པ་རེད་སྙམ། ད་ལྟའི་ཤེས་ཡོན་གྱི་ལམ་ལུགས་དེས་འགྲོ་བ་མི་གཅིག་གྱུར་ཡིན་པའི་སྐོར་དེ་ཙམ་གལ་ཆེན་དུ་རྩི་ཡི་མེད།
གཞི་རྩའི་ཆ་ནས་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་སྟངས་དེ་གཙོ་བོ་ཡིན་ཞིང་། ངའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ངའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་འདུ་ཤེས་འཛིན་སྟངས་དེ་ཕལ་པ་རེད། འཛམ་གླིང་གི་ཤར་ནུབ་དང་ལྷོ་བྱང་ཡུལ་གྲུ་ཁག་གང་གི་ནང་སྡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་འཛམ་བུ་གླིང་འདིའི་སྟེང་དུ་མཉམ་དུ་འཚོ་དགོས། དེ་རིང་ཁ་སང་གི་དངོས་ཡོད་གནས་ཚུལ་ལ་བལྟས་པ་ཡིན་ནའང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། དཔལ་འབྱོར། ཁོར་ཡུག་གི་ཆ་ནས་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཆགས་ཡོད། ཅེས་བཀའ་ལན་སྩལ།
གཞན་ཡང་སློབ་དཔོན་ཨར་ཐུར་བྷུ་རུག་སི་ལགས་ཀྱིས་དེང་སང་འཛམ་གླིང་ནང་མི་མང་པོ་ཞིག་གིས་སོ་སོ་གྲོགས་མེད་ཁེར་རྐྱང་ཡིན་པ་ཚོར་བཞིན་ཡོད། ཅིའི་ཕྱིར་མི་མང་པོ་ཞིག་གིས་སོ་སོ་གྲོགས་མེད་ཁེར་རྐྱང་ཡིན་པ་ཚོར་བཞིན་ཡོད་དམ། ང་ཚོས་ཁོང་ཚོར་རོགས་རམ་ག་རེ་བྱེད་ཐུབ་ཀྱི་རེད་དམ། ཞེས་བཀའ་འདྲི་ཞུ་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། དེང་སང་ང་ཚོས་ཁ་པར་གྱི་ལམ་ནས་ས་ཕྱོགས་གང་སར་གནས་པའི་མི་རྣམས་ལ་འབྲེལ་གཏུག་བྱེད་ཐུབ་ཀྱི་ཡོད། སྔ་མོ་དཔེར་ན་བོད་ནང་མཚོན་ན་བོད་མི་རྣམས་ཀྱིས་རྒྱ་གར་ནི་ཧ་ཅང་ཐག་རིང་པོ་ཞིག་ཡིན་པ་བསམ་གྱི་ཡོད། ང་ཚོ་རྒྱ་གར་རང་དབང་གི་ལུང་པར་སླེབས་རྗེས། ང་ཚོས་ས་ཕྱོགས་གང་སར་གནས་པའི་མི་རྣམས་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད། བཟོ་ལས་རིག་རྩལ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག དེ་ལ་བརྟེན་ནས་ང་ཚོས་ཕན་ཚུན་དབར་འབྲེལ་བ་ལས་སླ་པོ་ངང་ནས་བྱེད་ཐུབ་ཀྱི་ཡོད། སྔ་མོ་བོད་ནང་གི་འབྲོག་པ་ཚོ་ཁེར་རྐྱང་བྱས་ནས་བསྡད་ཡོད། ཁོང་ཚོའི་སེམས་པ་སྐྱིད་པོ་ཡོད་པ་མ་ཟད། གཅིག་ཕན་གཅིག་གྲོགས་ཀྱི་འདུ་ཤེས་དེ་ཧ་ཅང་ཤུགས་ཆེན་པོ་ཡོད།
དེང་སང་གྲོང་ཁྱེར་ཆེན་པོ་ཁག་གི་ནང་མི་ས་ཡ་མང་པོ་མཉམ་དུ་སྡོད་ཀྱི་ཡོད། འོན་ཀྱང་ཁྱིམ་མཚེས་གཅིག་གིས་གཅིག་ལ་ཡིད་ཆེས་མེད་པར་དངངས་སྐྲག་ངང་འཚོ་བཞིན་ཡོད། རང་གཅེས་འཛིན་གྱི་བསམ་བློ་ཇི་ཙམ་ཤུགས་ཆེ་བ་ཡོད་ན་དེ་ཙམ་དུ་ཁེར་རྐྱང་གི་ཚོར་བ་ཡོང་གི་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གི་བཀའ་འདྲི་ལ་བཀའ་ལན་སྩལ།།