ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བར། ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ཁེ་པུ་ཊོན་ (Cape Town) ནང་རྟེན་གཞི་བྱས་པའི་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ (Inkatha Freedom Party) འགན་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ (Prince Mangosuthu Buthelezi) མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༦ ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་དགའ་བསུའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་ལོ་གསར་པ་འགོ་འཛུགས་དང་འབྲེལ་ང་ཚོས་ཡུན་རིང་འཐབ་རྩོད་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང་བཅས་ལ་རེ་བའི་རྟགས་མཚན་ཞིག་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟླ་སྔོན་མའི་ནང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ང་ཚོ་ཚང་མར་རེ་བ་ཞིག་བསྐྲུན་ཡོད། ད་ལྟར་ང་ཚོས་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་གི་དབུ་ཁྲིད་འོག་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ལག་བསྟར་ཡོང་བའི་རེ་སྒུག་ཞུ་བཞིན་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཅིག་བྱས་ན་མཁྱེན་བཞིན་ཡོད་ཀྱི་རེད། ལོ་བཅུའི་གོང་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་སྒྲིག་འཛུགས་ཤིག་ཡིན་པ་ངོས་འཛིན་ཞུས་ཡོད། ད་ལྟ་ཨ་རིའི་གཞུང་གིས་ཀྱང་དེ་ལྟར་ངོས་འཛིན་གནང་བཞིན་ཡོད་པ་ནི་ཤིན་ཏུ་དགའ་དགོས་པ་ཞིག་རེད། ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་བ་དེས་མ་འོངས་པར་ཤུགས་རྐྱེན་རླབས་པོ་ཆེ་ཞིག་ཐེབས་ངེས་ཡིན།
ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པས་མུ་མཐུད་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བརྡ་ལན་སྤྲོད་བཞིན་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་བཟང་བས་རང་ཉིད་བློ་སྟོབས་བསྐྱེད་བྱུང་། ལྷག་པར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་མགོན་པོ་གང་ཉིད་མཆོག་གིས་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་སྐོར་བཀའ་སློབ་བསྩལ་བར་ཧ་ཅང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཞེས་འཁོད།།