ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར། ༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་སུ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་ལྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་དང་ལྡེ་ར་ལྡུན་ཁྱབ་ཁོངས་བོད་མི་སྤྱི་ཟུང་འབྲེལ་ཐོག་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་འཕགས་བོད་ས་མཚམས་ཉེན་རྟོག་ (Indo Tibet Border Police) རུ་ཁག་གི་ཚོགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་བའི་སྐོར་པར་རིས་འགྲེམས་སྟོན་གྱི་ལས་རིམ་ཐེངས་གཉིས་པ་གོ་སྒྲིག་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་ཉེན་རྟོག་རུ་ཁག་གི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཀེ་པི་སིངྒ་ (Shri K.P. Singh, Deputy Inspector General) ལགས་ཀྱིས་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་དབུ་འབྱེད་གནང་རྗེས་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠་་་༢༠༢༡ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་ས་བབ་ཆགས་ཚུལ་གྱི་ཆ་ནས་རྒྱ་གར་ལ་གནད་འགག་ཆེན་པོ་ཆགས་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་ལས་དྲུང་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས།
སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀེ་པི་སིངྒ་ལགས་ཀྱིས་ས་གནས་འགོ་འཛིན་ནོར་བུ་ལགས་ལ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཏེ་པར་རིས་འགྲེམས་སྟོན་གོ་སྒྲིག་གནང་བར་བསྔགས་བརྗོད་གནང་། གཞན་ཡང་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ལ་བྱམས་བརྩེ་དང་། འཚེ་བ་མེད་པའི་ལྟ་གྲུབ། ཞི་བདེ་སྤེལ་མཁན་ཞིག་ཡིན། ཞེས་དང་། པར་རིས་འགྲེམས་སྟོན་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས།
པར་རིས་འགྲེམས་སྟོན་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཉེན་རྟོག་ལས་ཁུངས་ཀྱི་དཔོན་རིགས་དང་གཞོན་སྐྱེས་རྣམ་པའི་ཁྲོད་བོད་དོན་དང་། དེ་བཞིན་༸རྒྱལ་བའི་མཛད་རྣམ་དང་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གོ་རྟོགས་སྤེལ་ཆེད་ཡིན་པ་དང་། པར་རིས་འགྲེམས་སྟོན་ལས་རིམ་ཐོག་ཉེན་རྟོག་རུ་ཁག་གི་སྤྱི་ཁྱབ་གཞོན་པ་གཙོས་པའི་ཁྱོན་མི་གྲངས་ ༣༤༥ ཙམ་མཉམ་ཞུགས་གནང་ཡོད་པ་བཅས། །