ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པའི་ལས་རིམ་གྱི་ཆ་ཤས་སུ། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པས་བྲེལ་ཟིང་ངང་གཞན་ཕན་སྦྱིན་གཏོང་གི་ལས་གཞི་ཞིག་བརྩམས་ཡོད། དེ་ཡང་དགུན་ཁའི་དུས་སྐབས་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་གཤིས་ཧ་ཅང་གྲང་ངར་ཆེ་ཞིང་བཟོད་དཀའ་བ་ཞིག་ཏུ་གྱུར་ཡོད།
དོན་ཁང་གི་ལས་བྱེད་རྣམ་པ་བདུན་ཕྲག་གཅིག་རིང་དགོང་མོ་ས་རུབ་པ་ནས་ཐོ་རངས་བར་ལྡི་ལིའི་གཞུང་ལམ་གྱི་གཡས་གཡོན་དང་རྐང་ལམ་སྟེང་དུ་ཉལ་ཆས་མེད་པར་ཉལ་མཁན་ཁྱིམ་མེད་ཉམ་ཐག་རྣམས་གང་སར་འཚོལ་ཞིབ་ཏུ་བསྐྱོད་ཡོད། དོན་ཁང་གི་ལས་བྱེད་བསྟན་འཛིན་དགའ་བ་ལགས་ཀྱིས། ང་ཚོས་མཚན་གྱི་ཆུ་ཚོད་ ༡༠ ནས་ཐོ་རངས་ཆུ་ཚོད་ ༥ བར་རུ་ཁག་དྲུག་ནས་བདུན་རླངས་འཁོར་བརྒྱུད་ལྡི་ལི་ཡོངས་སུ་བསྐྱོད་དེ་ཁྱིམ་མེད་ཉམ་ཐག་རྣམས་ལ་ཉལ་ཆས་(Blanket) ཉིས་སྟོང་ཙམ་བགོ་འགྲེམས་ཞུས་པ་ཡིན། སྐབས་རེར་ང་ཚོས་གཞུང་ལམ་གཡས་གཡོན་དང་རྐང་ལམ་སྟེང་གཉིད་ལ་རོལ་བཞིན་པའི་ཁྱིམ་མེད་ཉམ་ཐག་རྣམས་ལ་ཉལ་ཆས་དྲོ་པོ་རེ་གཡོགས་པའི་སྐབས་ཁོང་ཚོར་དོ་སྣང་བྱུང་མི་འདུག་ཅེས་དང་། ད་དུང་ང་ཚོར་ཉལ་ཆས་གྲངས་ལྔ་བརྒྱ་ཙམ་ལྷག་ཡོད་པ་དང་། དེ་དག་བདུན་ཕྲག་འདིའི་ནང་དབུལ་གྲོང་ཁག་ལ་བགོ་འགྲེམས་ཞུ་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་ལྡི་ལི་དོན་ཁང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་དཔེར་ན་རི་ཏིན་ཇ་ལི་ (Ritinjali) ཞེས་པའི་ཚོགས་པ་དང་མཉམ་སྦྲེལ་ཐོག་ཉལ་ཆས་བགོ་འགྲེམས་གནང་ཡོད། རི་ཏིན་ཇ་ལི་ (Ritinjali) ཞེས་པའི་ཚོགས་པས་ཁྱིམ་མེད་ཉམ་ཐག་རྣམས་ཀྱི་བདེ་སྡུག་གི་དོན་དུ་ཐད་ཀར་ཕྱག་ལས་གནང་གི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་སུ་ལྡི་ལི་དོན་ཁང་གིས་རིན་མེད་ཐོག་ཁྱིམ་མེད་ཉམ་ཐག་རྣམས་ལ་ཉལ་ཆས་ཞལ་འདེབས་གནང་ཡོད། དེ་བཞིན་ལྡི་ལི་བོད་ཁང་གིས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་སུ་དྲ་ཐོག་ནས་ནང་པའི་ལྟ་གྲུབ་སློབ་ཁྲིད་དང་རྩོམ་ཡིག་འབྲི་རྩོམ་འགྲན་བསྡུར་གྱི་ལས་གཞི་སོགས་སྤེལ་དང་སྤེལ་མུས་ཡིན་པ་བཅས།།