ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་འབྲི་རུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་རྡལ་དུ་སྤྱི་འཁོར་འབབ་ཚུགས་ཤིག་ཡོད་པ་དེའི་ཉེ་འཁྲིས་སུ་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད།
དེ་ཡང་ཤུར་མོ་ལགས་ནི། འབྲི་རུ་རྫོང་ཤག་ཆུ་ཁ་ནས་ཡིན་ཞིང་། སྐབས་དེར་ཁོང་རང་ལོ་ ༢༦ ཙམ་ཡིན་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་བཏང་མ་ཐག་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཤག་ཆུ་ཁ་ས་གནས་ཀྱི་སྨན་ཁང་དུ་འཁྱེར་ཡོད་ཀྱང་ཉིན་དེར་སྐུ་ཚེ་མ་ཟིན་པར་དགོངས་པ་རྫོགས་འདུག
ས་གནས་ཉེན་རྟོག་པས་ཁོང་གི་གནད་དོན་དང་འབྲེལ་ནས་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་གནས་སྟངས་ཇི་ཡིན་ཤེས་རྟོགས་མི་འདུག ཤུར་མོ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་བོད་མི་མང་པོས་དངོས་སུ་མཐོང་ཡོད་ནའང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་གནས་ཚུལ་ད་བར་ཕྱིར་བསྒྲགས་བྱས་ཐུབ་མི་འདུག་པ་བཅས། །