ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༦ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act of 2020) ཨ་རིའི་གྲོས་ཚོགས་གོང་འོག་ནང་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་དང་། དེ་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བར་དགའ་བསུའི་མཛད་སྒོ་ཞིག་ཚོགས་ཡོད།
དགའ་བསུའི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཨོན་ཀར་ནེ་རི་ཡ་ (Onkar Nehria) མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ (Ram Swaroop) ལགས་དང་། སློབ་སྟོན་པ་སྐུ་ཞབས་སུ་བ་ཤ་ནེ་རི་ཡ་ (Subhash Nehria) ལགས། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་ཧིན་བོད་མཛའ་
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཧིན་བོད་མཛའ་འབྲེལ་ཚོགས་པས་འདས་པའི་ལོ་ངོ་ ༢༥ རིང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བར་གདོང་ཐུག་བྱུང་བའི་གནད་དོན་དང་འབྲེལ་ནས་གསུང་དོན། རྒྱ་དཀར་ནག་གཉིས་ཀྱི་རྙོག་གྲ་སེལ་བར་ཐབས་ལམ་གཅིག་ཡོད་པ་ནི་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་ཞིང་། ཇི་སྲིད་བོད་རྒྱ་ནག་གི་དྲག་གནོན་འོག་གནས་པ་ཡིན་ན། དེ་སྲིད་རྒྱ་གར་གྱི་བདེ་འཇགས་ཉེན་ཁའི་འོག་མུ་མཐུད་གནས་ཀྱི་རེད། ཅེས་གསུངས།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཨ་རིའི་གྲོས་ཚོགས་གོང་འོག་དང་སྲིད་འཛིན་མཆོག་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བའི་བརྒྱུད་རིམ་སྐོར་གཟབ་རྒྱས་གསུངས་ཡོད།དེ་རྗེས་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ལགས་ཀྱིས། ཨ་རིའི་གཞུང་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བ་ནི་བོད་མིའི་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། ཁྲིམས་དེས་བོད་ནང་གི་བོད་མི་ཚོར་རེ་བ་དང་དྲང་བདེན་བསྐྲུན་ཡོད། ཅེས་དང་། ངས་རྒྱ་གར་གཞུང་ལ་རྒྱ་གར་གྱིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་སུ་བ་ཤ་ནེ་རི་ཡ་ལགས་ཀྱིས། ཨ་རིའི་གཞུང་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བ་དེས་བོད་མི་ཙམ་མ་ཟད་རྒྱ་གར་ཡང་དགའ་བཅུག་ཡོད་སྟབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་འཛིན་སྐྱོང་བཀའ་ཤག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ཨ་རིའི་གཞུང་གིས་རྒྱལ་ཁབ་གཞན་ཚོར་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། རྒྱ་གར་གཞུང་གིས་ཀྱང་བོད་དོན་ཐོག་ཁྲིམས་འཆར་ཞིག་གཏན་འབེབས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
ཕྱོགས་མཚུངས་ཁོང་གིས། རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏ་རཏྣ་ (Bharat Ratna) འབུལ་དགོས་པའི་འབོད་སྐུལ་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ། སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།