ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོ་རྡ་ས་ནས་རྣ་ཐོས་ལ་བར་བོད་རང་དབང་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གནང་བཞིན་པ་བསྟན་འཛིན་དོན་གྲུབ་ལགས་དང་། བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཀྱིས་གྲང་ངར་ཆེ་བའི་དགུན་དུས་ལ་མ་ལྟོས་པར་ཟླ་བ་གཉིས་དང་ཕྱེད་ཀ་ལྷག་ཞི་བའི་གོམ་བགྲོད་གནང་སྟེ་རྒྱང་ཐག་སྤྱི་ལེ་ ༢༡༡༡ བསྐྱོད་དེ་རྒྱ་གར་གྱི་ནུབ་བྷང་གལ་མངའ་སྡེའི་སྦག་ཌོ་ར་ (Bagdogra) ས་གནས་སུ་འབྱོར་སྐབས་རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་ཀྱིས་གཙོས་ས་གནས་ཀྱི་ཚོགས་པ་ཁག་གིས་གོམ་བགྲོད་པ་རྣམ་གཉིས་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
ཕྱི་ཉིན་དེར་རྡོར་གླིང་ས་གནས་འགོ་འཛིན་གྱི་སྣེ་འཁྲིད་འོག་རྡོར་གླིང་མང་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གོམ་བགྲོད་པ་རྣམ་གཉིས་ས་ལུ་སྒ་ར་ (Salugara) བར་སྤྱི་ལེ་ ༡༧ ཙམ་ཕེབས་རོགས་གནང་ཡོད། ས་ལུ་སྒ་ར་འབྱོར་སྐབས་ཁུལ་དེའི་བོད་པའི་ཚོགས་པ་ཁག་གི་ཚོགས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་བསོད་ནམས་ལྷུན་གྲུབ་བླ་མ་ལགས། ཧི་མ་ལ་ཡའི་བོད་དོན་ལས་འགུལ་ཚོགས་པའི་ (Himalayan Committee for Action on Tibet) དྲུང་ཆེ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་དེ་སྔའི་ས་གནས་འབྲེལ་མཐུད་པ་བཅས་ཀྱིས་ཁོང་རྣམ་གཉིས་དུས་འཁོར་ཐང་ཆེན་ནང་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་བཞིན་ཕྱི་ཚེས་ ༢༨ ཉིན་གོམ་བགྲོད་པ་རྣམ་གཉིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུབ་བྷང་གལ་དང་། འབྲས་ལྗོངས་ཁུལ་གྱི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་པདྨ་དབང་གྲགས་བྷོ་ཌི་ཡ་ (Shri Pema Wangda Bhutia) ལགས་དང་ལྷན་ཐུག་འཕྲད་གནང་ཡོད།
གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཀྱིས། བསོད་ནམས་ལྷུན་གྲུབ་བླ་མ་ (Shri Sonam Lhundup Lama) ལགས་དང་། རྡོར་གླིང་ས་གནས་འགོ་འཛིན། སྐུ་ཞབས་པདྨ་དབང་གྲགས་བྷོ་ཌི་ཡ་ལགས་བཅས་ཀྱིས་རོགས་སྐྱོར་འོག་སི་ལི་གུ་རིར་ (Siliguri) རྟེན་གཞི་བྱས་པའི་ (Siliguri Journalist’s Club) ཞེས་པའི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་བསྟན་འཛིན་དོན་གྲུབ་ལགས་ཀྱིས་གོམ་བགྲོད་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་དང་། དགོས་འདུན་དོན་ཚན་གསུམ། བོད་ནང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་རྣམས་གང་མགྱོགས་མཚམས་འཇོག་དགོས་པ། འཛམ་གླིང་ཡོངས་ནས་བོད་འདི་རྒྱ་ནག་གཞུང་གིས་དྲག་དམག་བརྒྱུད་བཙན་བཟུང་བྱས་པ་ངོས་འཛིན་དགོས་པ། རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་མཚམས་འཇོག་བྱེད་དགོས་པ་བཅས་ཀྱི་ཐོག་གཏམ་བཤད་གནང་ཡོད།
དེ་རྗེས་སྐུ་ཞབས་བསོད་ནམས་ལྷུན་གྲུབ་ལགས་ཀྱིས་རྒྱ་གར་མི་མང་གི་ཁྲོད་དེ་ལྟ་བུའི་བོད་དོན་གོ་རྟོགས་སྤེལ་རྒྱུ་ནན་བཤད་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནས་རྒྱུག་པའི་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་མང་པོ་བརྒྱབ་པ་དེས་རྒྱ་གར་བྱང་ཤར་ཁུལ་ལ་ཆུ་ལོག་དང་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་སོགས་དང་། རྒྱ་གར་ལ་བོད་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་ཚུལ་སོགས་གསལ་འདོན་གནང་ཡོད།
གོང་ཚེས་ཉིན་གྱི་སྔ་དྲོར་ཞི་བའི་གོམ་བགྲོད་པ་ཁོང་གཉིས་དང་ས་ལུ་སྒ་ར་བོད་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་རོགས་འོག་ཀ་ལི་ཇོ་ར་ (Kali Jhora) ཞེས་པའི་ས་གནས་བར་སྤྱི་ལེ་ ༢༤ བསྐྱོད་ཡོད། དེ་རྗེས་གོམ་བགྲོད་པ་རྣམ་གཉིས་འབྲས་ལྗོངས་ཀྱི་ཕྱོགས་སུ་མུ་མཐུད་གོམ་བགྲོད་གནང་རྒྱུ་ཡིན་འདུག་པ་བཅས། །