ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༤ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Samuel Brownback) མཆོག་གིས་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་སྲུང་སྐྱོབ་གོང་སྤེལ་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་ཞིག་ཚོགས་གནང་ཡོད།
དེ་ཡང་བགྲོ་གླེང་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གསུང་བཤད་གནང་སླད་གདན་ཞུ་གནང་ཡོད།
ཐེངས་འདིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་གོང་སྤེལ་གྱི་བགྲོ་གླེང་ཐོག་རྒྱལ་ཁབ་ཁག་ ༣༢ ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེམ་བྷ་རོན་བྷེག་མཆོག་གིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད།
དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་གི་ཡོད་སྐོར་དང་། འཛམ་གླིང་ནང་དབྱེ་འབྱེད་དང་ལོག་སྤྱོད་སོགས་འགོག་ཐབས་ཀྱི་ཐབས་ལམ་བཟང་ཤོས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་དེ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་།
བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས་ཨ་རིའི་འཛིན་སྐྱོང་དང་། སྐུབས་བྷ་རོན་བྷེག་ལགས་ཀྱིས་ཧུར་བརྩོན་ཆེན་པའི་ངང་ཆོས་དད་རང་དབང་གི་གནད་དོན་རྒྱལ་སྤྱིའི་ནང་སྐུལ་འདེེད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། །