ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རང་ལོ་ ༡༩ ཡིན་པའི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ཀྱིས་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ནས་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་འདུག
གྲྭ་བསྟན་འཛིན་ཉི་མ་ལགས་ནི་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་དབོན་པོ་དགོན་པའི་དགེ་འདུན་པ་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ཉིན་སེར་ཤུལ་རྫོང་གི་རྫ་སྨད་ཡུལ་ཚོའི་ཁོངས་སུ་གཏོགས་པའི་རྫ་དབོན་པོ་ཡུལ་ཚོའི་གྲོང་རྡལ་གྱི་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན་དུ་བོད་རང་བཙན་གྱི་དོན་དུ་འཐབ་རྩོད་བྱེད་དགོས་ཞེས་པའི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་པའི་དོགས་གཞིའི་འོག་རྒྱ་ནག་གི་ཉེན་རྟོག་པས་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་དང་། མི་སྐྱ་གཉིས་བཅས་བོད་མི་སྐྱ་སེར་བདུན་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཁྲིམས་ཁང་ནས་སྐབས་དེར་ཁོང་རྣམས་ལ་ལོ་གཅིག་ནས་ལྔ་བར་གྱི་ཁྲིམས་ཐག་བཅད་ཡོད་པའི་ཁོངས་སུ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ཀྱང་ཡོད།
རྒྱ་ནག་གཞུང་གིས་བསྟན་འཛིན་ཉི་མ་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༩ ཉིན་འཛིན་བཟུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ནང་གནས་སྐབས་རིང་གློད་གྲོལ་བཏང་ཡོད་ཀྱང་། སླར་ཡང་ཕྱི་ཟླ་ ༨ ནང་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། བཙོན་ཁང་དུ་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་ལ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་དབུགས་གཏོང་ལེན་དང་སྐད་ཆ་བཤད་མི་ཐུབ་པ་སོགས་འཕྲོད་བསྟེན་གྱི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་སྟབས། ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གཞུང་གིས་ཁོང་གི་ནང་མིར་འབྲེལ་གཏུག་གིས་བསྟན་འཛིན་ཉི་མ་ལགས་ཀྱི་གཟུགས་གཞི་བདེ་ཐང་མིན་པའི་དཀའ་ངལ་འོག་བཙོན་ཁང་ནས་ལེན་དགོས་པའི་བཀའ་བཏང་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༦ ཉིན་ནང་མི་རྣམས་ཀྱིས་ཁོང་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་བསྟེན་གཏུགས་བྱས་འདུག་ཀྱང་སྨན་པས་གནས་སྟངས་ཛ་དྲག་ཡིན་པ་དང་བཅོས་ཐབས་མེད་སྐོར་འགྲེལ་བརྗོད་བྱས་ཡོད་སྟབས། ནང་མི་རྣམས་ཀྱིས་སྨན་ཁང་ཁག་འདྲ་མིན་ལ་བསྟེན་གཏུག་བྱས་འདུག་ཀྱང་སྨན་པས་བཅོས་ཐབས་མེད་པ་བརྗོད་དེ་སྨན་ཁང་ནས་ལོག་བཏང་ཡོད་པ་དང་། ནང་མིས་ཁོང་རང་ཁྱིམ་དུ་ཁྲིད་སླེབས་མ་ཐག་ཏུ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ ཉིན་ཁོང་འདས་གྲོངས་སུ་གྱུར་འདུག
རྡུང་རྡེག་གི་རྐྱེན་པས་རྒྱལ་གཅེས་པ་བསྟན་འཛིན་ཉི་མ་ལགས་འདས་གྲོངས་སུ་གྱུར་བར་བོད་མིིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧ་ཅང་བློ་ཕམ་དང་སྦྲགས་རྒྱལ་གཅེས་པ་ཁོང་གི་ནང་མི་རྣམས་ལ་ཐུགས་གསོ་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་འདས་པོ་དམ་པ་ཁོང་གིས་སླར་ཡང་བོད་ནང་སྐྱེ་བ་བླང་པ་དང་མུ་མཐུད་བོད་མིའི་རང་དབང་འཐབ་རྩོད་གནང་ཐུབ་པའི་སྨོན་ལམ་འདེབས་རྒྱུ་ཡིན། ང་ཚོས་རྒྱལ་གཅེས་པ་རྣམས་ཀྱིས་བློས་བཏང་གནང་བ་དེ་ནམ་ཡང་བརྗེད་མི་སྲིད། བོད་མི་ས་ཡ་དྲུག་གི་མངོན་འདོད་མ་འགྲུབ་བར་དུ་ང་ཚོས་རང་དབང་གི་འཐབ་རྩོད་མུ་མཐུད་རྩོད་གནང་གི་རེད། ཅེས་གསུངས།
གནས་ཚུལ་ཡོང་ཁུངས་ལྟར་ན། སེར་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་ལོ་ ༢༠ ཡིན་པའི་གྲྭ་ཆོས་འཕེལ་ལགས་ལ་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པ་དང་། གྲྭ་འོད་ཟེར་ལགས་ལ་ལོ་གསུམ་གྱི་ཁྲིམས་ཐག ལོ་ན་ ༡༦ སོན་པའི་གྲྭ་ཚུལ་ཁྲིམས་ལགས་ལ་ལོ་གཅིག་གི་ཁྲིམས་ཐག བསྟན་འཛིན་ཉི་མ་ལགས་གཟུགས་གཞིའི་གནས་སྟངས་རྐྱེན་པས་ཁྲིམས་ཐག་བཅད་མེད། ལོ་ན་ ༢༢ ལ་སོན་པའི་གྲྭ་ཉིས་མས་ལགས་ལ་ལོ་ལྔའི་ཁྲིམས་ཐག ལོ་ན་ ༡༥ ཡིན་པའི་གྲྭ་ཚུལ་ཁྲིམས་ལགས་ལོ་ན་ཆུང་བའི་རྐྱེན་གྱིས་ཞིབ་བཤེར་བྱེད་བཞིན་པ། མི་སྐྱ་ཆོས་རྒྱལ་ལགས་དང་ཡོན་ཏན་ལགས་ལ་ལོ་བཞིའི་ཁྲིམས་ཐག་བཅད་འདུག །