ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༥ ༡༥ རེས་གཟའ་པ་སངས།
༄༅། །ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ (Human Rights Watch) བཏོན་པའི་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོའི་ནང་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་པ་དང་། བོད་པ་དང་ཡུ་གུར་མི་རིགས་ཁྲི་ཕྲག་མང་པོ་ངལ་རྩོལ་བསྒྱུར་བཀོད་ཁང་ནང་བཅུག་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་དང་སྤྱི་ཚོགས་ལས་འགུལ་བ་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་སྟབས་རྒྱ་ནག་ནི་ཕྱི་ལོ་ ༢༠༢༠ ལོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་གྲས་སུ་ཚུད་ཡོད།
ཕྱི་ལོ་ ༢༠༢༠ ལོར་བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་རྒྱ་ནག་གི་དཔོན་རིགས་ཚོས་མུ་མཐུད་ཆོས་དད་དང་། སྨྲ་བརྗོད། འདུ་འཛོམས་རང་དབང་བཅས་ཀྱི་ཐོག་དམ་བསྒྲགས་ཤུགས་དྲག་བྱས་ཏེ་བོད་ས་གནས་རྒྱ་རིགས་དཔོན་པོ་ཚོས་གཏེར་ཁ་སྔོག་འདོན་དང་ས་ཆ་བཙན་འཕྲོག་བྱེད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐུབ་མེད། ན་ནིང་ལོར་རྒྱ་རིགས་དཔོན་པོ་ཚོས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལ་ཁ་གཡར་ནས་ས་གནས་བོད་མི་ཚོར་ལོ་གསར་ཡང་གཏོང་མི་ཆོག་པ་བརྗོད་ཡོད།
ཕྱི་ལོ་ ༢༠༢༠ ལོར་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུར་ཁ་གཡར་ནས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་མི་རྣམས་ཀྱི་བསམ་བློ་བསྒྱུར་ཐབས་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་བག་ཆགས་ངན་པ་འཇོག་ཐབས་ཡིན་པའི་སྐོར་སྙན་ཐོ་བཏོན་ཡོད།
རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཐོག་མར་བྱུང་བའི་སྐབས་རྒྱ་རིགས་སྨན་པ་ལི་ཝན་ལིང་ (Li Wenliang) ལགས་ཀྱིས་དེའི་སྐོར་གནས་ཚུལ་སྐད་འཕྲིན་ཚོགས་པའི་ནང་བསྐུར་བར་བརྟེན་རྒྱ་ནག་གཞུང་གིས་སྨན་པ་ལི་ཝན་ལིང་ལགས་ལ་མི་མང་ལ་དཀྲོག་གཏམ་སྤེལ་ནས་སྤྱི་ཚོགས་ལ་ཟིང་བསླངས་པའི་མ་ཉེས་ཁ་ཡོག་བྱས་ཏེ་འཛིན་བཟུང་བྱས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ ཉིན་སྨན་པ་ལི་ཝན་ལིང་ལགས་འདས་གྲོངས་སུ་གྱུར་ཡོད། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་གསར་འགོད་པ་ཁག་གཅིག་འཛིན་བཟུང་བྱས་ཡོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་པ་དང་། བདུན་ཕྲག་སྔོན་མའི་ནང་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་ཆབ་སྲིད་པ་གྲགས་གྲངས་ ༥༣ འཛིན་བཟུང་བྱས་ཡོད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་ཉམས་ཞིབ་པ་རྒན་པ་མ་ཡ་ཝང་ལགས་ཀྱིས་གསུང་དོན། ཞག་མ་གཅིག་གི་རིང་པེ་ཅིང་གིས་ཧོང་ཀོང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་འཕྲོག་བཅོམ་བྱས་སོང་། ཞེས་དང་། ཧོང་ཀོང་བ་ཚོས་དུས་ཡུན་རིང་པོའི་རིང་རང་དབང་ལོངས་སུ་སྤྱད་ཡོད་པ་དང་། ད་ཆ་མི་མང་གིས་འཕྲེད་དར་ཉར་བ་དང་རྒྱ་ནག་གི་དཔོན་རིགས་ཚོར་མ་དགའ་བའི་སྐད་འབོད་བརྒྱབ་ན་དུས་ཡུན་རིང་པོའི་རིང་བཙོན་འཇུག་གི་དཀའ་ངལ་འཕྲད་བཞིན་ཡོད། ཅེས་གསུངས།།