ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༦ ཉིན་ནས་རྒྱ་གར་རྒྱལ་ཡོངས་ནང་འཛམ་གླིང་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་རྒྱག་འགོ་བཙུགས་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་མཆོག་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཀྱི་དབུ་འབྱེད་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་མི་ཚང་མས་རང་རང་སོ་སོའི་ངོས་ནས་མུ་མཐུད་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྒྲིག་གཞི་ལག་བསྟར་བྱེད་དགོས་པ་ནན་བརྗོད་གནང་ཡོད།
དེ་ཡང་རྒྱ་གར་ནང་གི་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་སྨན་ཞབས་སོགས་མདུན་ཐོན་གདོང་ལེན་པ་ཁག་གཅིག་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་རྒྱག་འགོ་བཙུགས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༨ ཉིན་རྡ་སའི་ཛོ་ནལ་སྨན་ཁང་ (Zonal Hospital) དུ་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཞབས་གཅིག་བཅས་ལ་ཐེངས་དང་པོ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད།
དེ་རྗེས་མོན་གྷོ་འདོད་རྒུ་གླིང་དང་། ཨོ་ཌི་ཤ་ཕུན་ཚོགས་གླིང་། སྦིར། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་བཅས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་འཕྲོད་ལས་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད།
དེ་ཡང་འདི་ལོའི་ཟླ་བ་ ༡ ཚེས་ ༢༠ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་དང་། དགའ་ལྡན་བྱང་རྩེ་སྨན་ཁང་། འབྲས་སྤུངས་བློ་གསལ་གླིང་གི་སྨན་ཁང་བཅས་ཀྱི་མདུན་ཐོན་གདོང་ལེན་པ་གྲངས་ ༨༡ ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད།
དེ་བཞིན་ཟླ་བ་ ༡ ཚེས་ ༢༡ ཉིན་མེའོ་ཆོས་འཕེལ་གླིང་སྨན་ཁང་གི་འཕྲོད་ལས་པ་གྲངས་ ༡༠ དང་། ཨོ་ཌི་ཤ་སྨན་ལྷ་སྨན་ཁང་གི་འཕྲོད་ལས་གྲངས་ ༡༡ ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད། དེ་བཞིན་ཟླ་བ་ ༡ ཚེས་ ༢༢ ཉིན་སྦིར་ས་གནས་འཕྲོད་བསྟེན་སྨན་ཁང་གི་འཕྲོད་ལས་གྲངས་ ༡༡ ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད།
དེ་ཡང་སྒྲིག་གཞི་གཞིར་བཟུང་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་རྗེས་ཆུ་ཚོད་ཕྱེད་ཀ་ཙམ་རིང་ཚབས་ཆེའི་ཟུར་ཕོག་ཡོང་མིན་བརྟག་ཞིབ་འོག་བཞག་ཡོད། སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་རེ་ཟུང་ལ་ཟུར་ཕོག་ཕྲན་བུ་བྱུང་ཡང་ཉིན་ཤས་རྗེས་དྲག་སྐྱེད་བྱུང་ཡོད། ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཐེངས་གཉིས་པ་དེ། ཐེངས་དང་པོའི་སྔོན་འགོག་སྨན་ཁབ་བརྒྱབ་པའི་ཉིན་ ༢༨ རྗེས་བརྒྱག་རྒྱུ་ཡིན་པ་རེད།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱིས་ད་དུང་བོད་མི་མང་བ་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཐོབ་ཐབས་ལ་འབད་བརྩོན་བྱེད་མུས་ཡིན།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་རང་ཉིད་ཙམ་མ་ཟད་སྤྱི་ཚོགས་སྲུང་སྐྱོབ་ཀྱི་ཆེད་བོད་མི་ཚང་མས་མུ་མཐུད་ཁ་རས་གྱོན་རྒྱུ་དང་། མི་དང་མིའི་དབར་རྒྱང་ཐག་འཇོག་དགོས་པ། ལག་པ་ཡང་ཡང་འཁྲུ་དགོས་པ་སོགས་གནང་རྒྱུའི་སྐུལ་མ་གནང་ཡོད་པ་དང་། རྒྱ་གར་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཆེད་ལས་གཞི་ཆེན་པོ་དེ་འདྲ་སྤེལ་གནང་བར་འཚམས་འདྲི་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད། །