ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་དཔེ་སྐྲུན་ལྷན་ཚོགས་ (Publication Board Assam) ཀྱིས་གོ་སྒྲིག་ཞུས་པའི་གྷོ་ཝ་ཧ་ཊིའི་དཔེ་དེབ་ཚོང་འདུས་ཐེངས་ ༣༣ པའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། བོད་རང་དབང་ལས་འགུལ་གྱི་གལ་ཆེའི་རང་བཞིན་ངོ་སྤྲོད་ཆེད་བོད་ཀྱི་ཁྲོམ་སྟེགས་ཤིག་གོ་སྒྲིག་གནང་ཡོད།
དེ་ཡང་བོད་ཀྱི་ཁྲོམ་སྟེགས་དེ་ནི་རྒྱ་གར་ཨ་སམ་དང་མེ་གྷ་ལ་ཡའི་མངའ་སྡེ་ཁུལ་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སོ་མ་ཡ་ཌིབ་དཱ་ཏཱ་ (Soumyadeep Datta) ལགས་ཀྱིས་གོ་སྒྲིག་དང་སྣེ་ཁྲིད་གནང་བ་ཞིག་ཡིན་པ་དང་། ཕྱི་ལོོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ (R.K Khrimey) ལགས་ཀྱིས་དབུ་དབྱེད་གནང་ཡོད།
བོད་ཀྱི་ཁྲོམ་སྟེགས་ནང་བོད་རང་དབང་ལས་འགུལ་ཁྲོད་ཀྱི་པར་རིས་དང་། བོད་ཀྱི་རིག་གཞུང་། ཤུལ་བཞག ཁོར་ཡུག སྒྱུ་རྩལ། དྲན་རྟེན་སོགས་ཀྱི་པར་རིས་དང་། དེ་བཞིན་ཨ་སམ་སྐད་ཡིག་ནང་ཕབ་སྒྱུར་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་དང་། དེ་མིན་བོད་དང་འབྲེལ་བའི་དཔེ་དེབ་མང་པོ་ཞིག་འགྲེམས་སྟོན་གནང་ཡོད། ད་ལན་གྱི་དཔེ་དེབ་ཚོང་འདུས་ཐོག་བོད་པའི་རིག་གཞུང་དང་འབྲེལ་བའི་ལས་རིམ་འགའ་བང་བསྒྲིགས་ཡོད་པ་དེས་ཕན་ཚུན་རིག་གཞུང་སྤེལ་རེས་ཐུབ་པ་དང་། ལྷག་པར་དཔེ་དེབ་ཚོང་འདུས་ཀྱི་ཐོག་ཕན་ཚུན་གཏམ་གླེང་བྱས་པའི་ཁྲོད་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གཞུང་རྣམས་ལས་རིམ་དེ་བརྒྱུད་ནས་ནུས་པ་ཆེན་པོའི་ངང་ཁྱབ་སྤེལ་གཏོང་ཐུབ།
ཚོང་འདུས་དེའི་ཐོག་བོད་ཀྱི་ཁྲོམ་སྟེགས་ཤིག་གོ་བསྒྲིགས་ཞུས་པའི་དམིགས་ཡུལ་ནི། ས་གནས་ཡུལ་མི་ཁྲོད་བོད་རང་དབང་ལས་འགུལ་སྐོར་གོ་རྟོགས་དང་དོ་སྣང་ཆེ་རུ་ཡོང་སླད་དང་། དེ་བཞིན་ཤེས་ཡོན་ཅན་གྱིས་གཙོས་ཚང་མས་བོད་རང་དབང་ལས་འགུལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་ལྷག་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་འབྲེལ་ལམ་གསར་པ་འཛུགས་རྒྱུར་ཕན་ཐོགས་ཡོད།
གྷོ་ཝ་ཧ་ཊིའི་དཔེ་དེབ་ཚོང་འདུས་ནི། རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་ཧ་ཅང་མང་པོ་ཞུགས་པའི་ལས་རིམ་ཞིག་ཡིན་པར་བརྟེན་བོད་ཀྱི་ཁྲོམ་སྟེགས་དེ་ནི་གཞུང་གི་མི་སྣ་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་འདྲ་མིན་ནས་མ་འོངས་པར་བོད་པའི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་ཐོབ་ཆེད་གོ་སྐབས་ཡག་པོ་ཞིག་ཡིན།
གྷོ་ཝ་ཧ་ཊིའི་དཔེ་དེབ་ཚོང་འདུས་ནི་རྒྱ་གར་བྱང་ཤར་ཁུལ་གྱི་རྩོམ་རིག་ལས་རིམ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དཔེ་དེབ་ཚོང་འདུས་དེ་ནི་ཨ་སམ་མངའ་སྡེའི་རིག་གཞུང་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད། གྷོ་ཝ་ཧ་ཊིའི་དཔེ་དེབ་ཚོང་འདུས་ནི་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༠ ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ བར་སྤེལ་རྒྱུ་ཡིན་པ་རེད། །