ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༠ ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ བར་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཌ་ནང་རྟེན་གཞི་བྱས་པའི་ཨ་སམ་འཆར་འགོད་རིག་པའི་སློབ་གཉེར་ཁང་ (Assam Engineering Institute) གི་རྩེད་ཐང་དུ་དཔེ་དེབ་ཁྲོམ་འདུས་ཐེངས་ ༣༣ ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་འཐབ་རྩོད་དང་རིག་གཞུང་ཨ་སམ་མི་དམངས་ལ་གལ་གནད་ཆགས་ཚུལ་སྐོར་ཨ་སམ་ས་གནས་ཀྱི་གཞོན་སྐྱེས་དང་། ཤེས་ཡོན་ཅན། མང་ཚོགས་བཅས་ལ་གོ་རྟོགས་རྒྱ་ཆེར་སྤེལ་ཡོད། ཨ་སམ་མངའ་སྡེའི་མང་ཚོགས་རྣམས་བོད་ནས་རྒྱ་གར་ནང་བཞུར་བཞིན་པའི་ཡར་ཀླུངས་གཙང་པོ་ལ་བརྟེན་ནས་འཚོ་བཞིན་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་བོད་མཐོ་སྒང་དུ་ཆུ་མཛོད་ཆེ་ཆུང་སྣ་ཚོགས་བསྐྲུན་ཡོད་སྟབས་ཨ་སམ་མང་ཚོགས་ནས་ཧ་ཅང་ཐུགས་འཚབ་གནང་བཞིན་ཡོད།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey) ལགས་དང་། ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Soumyadeep Datta) ལགས་དང་ཁོང་གི་ལས་རོགས་རྣམ་པ་བཅས་ནས་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་བར་བརྟེན་དཔེ་དེབ་ཁྲོམ་འདུས་ཐེངས་ ༣༣ སྐབས་སུ་ཨ་སམ་ས་གནས་མང་ཚོགས་ནས་བོད་དོན་སླད་རྒྱབ་སྐྱོར་དང་ཕྱག་ལས་གནང་རྒྱུའི་འདུན་པ་ཧ་ཅང་ཤུགས་ཆེ་བསྟན་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ ཉིན་གྱི་དགོང་དྲོ་ཀ་སྦུག་ཁུལ་དུ་རྟེན་གཞི་བྱས་པའི་གངས་ལྗོངས་ཟློས་གར་ཚོགས་པའི་ཚོགས་མི་བོད་པ་དང་། ཤར་པ། བྷོ་ཊི་ཡ་སོགས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་དང་། ཨ་སམ་དཔེ་དེབ་པར་སྐྲུན་ལྷན་ཁང་ (Assam Prakashan Parishad) གི་དྲུང་ཆེ་སྐུ་ཞབས་པྲ་མོ་ཌི་ཀ་ལི་ཊ་(Pramod Kalita) ལགས་ཆེད་ཕེབས་གནང་ཡོད་པ་མ་ཟད། ས་གནས་མང་ཚོགས་ནས་འཚང་ཀ་ཤིག་ཤིག་ངང་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་གནང་ཡོད།
ཨ་སམ་ས་གནས་ཀྱི་གསར་ཁང་ཆེ་གྲས་ (Pratidin Newspaper, Pratidin Times, News ASN, Janani Live, Newznow, Sky news ) བཅས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་འཁྲབ་སྟོན་སྐོར་དྲ་ཐོག་དང་ཚགས་པར་གཉིས་ཀའི་སྟེང་བཀོད་འདུག ཨ་སམ་དང་མེ་གྷ་ལ་ཡའི་མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ལགས་ཀྱིས་ཨ་སམ་སྐད་ཐོག་བོད་མིའི་འཐབ་རྩོད་ཀྱི་གལ་གནད་སྐོར་ས་གནས་མང་ཚོགས་རྣམས་ལ་གོ་རྟོགས་རྒྱ་ཆེ་སྤེལ་བ་དང་། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་ལྟ་བུའི་ལས་གཞི་གང་མང་བརྩམ་དགོས་པའི་གལ་གནད་སྐོར་གསུངས།
སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་རྒྱ་ནག་གི་ཚོང་རྫས་ཉོ་ཚོང་མཚམས་འཇོག་བྱེད་དགོས་པའི་གལ་གནད་དང་། གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རྒྱ་གར་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་གཅོག་བཞིན་པར་རྒྱབ་སྐྱོར་ཞུས་འདུག་པ་བཅས།།