ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཐེངས་འདིའི་ཨ་རིའི་འོས་བསྡུ་ཆེན་མོར་གོ་ལ་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་གནང་ཡོད་པ་བཞིན་བོད་མི་རྣམས་ཀྱང་འདིའི་ཐད་དོ་ཁུར་གང་མང་གནང་ཡོད། ད་ལྟ་འོས་བསྡུ་ཆེན་མོ་མཇུག་རྫོགས་པ་མ་ཟད་ཌོ་ནལ་ཊམ་མཆོག་དང་ཁོང་གི་ཕྱོགས་གཏོགས་ནས་འོས་ཤོག་ཐད་ཀྱི་ཁྲིམས་གཏུག་དང་། དེ་བཞིན་རྒྱལ་ཚོགས་ཁང་ཆེན་དུ་དྲག་ཟིང་དཔུང་འཇུག་སོགས་སྡེ་གཟར་རྣམས་ཀྱང་མཇུག་སྒྲིལ་ཏེ། ཇོ་བཱཡི་ཌེན་མཆོག་ཐགས་ཐོགས་འགའ་བརྒྱུད་ནས་མཇུག་མཐར་ཨ་རིའི་སྐབས་ ༤༦ པའི་སྲིད་འཛིན་ལ་མངའ་གསོལ་བ་རེད། ད་ནི་ང་ཚོས་དོ་སྣང་བྱེད་དགོས་པའི་དོན་གནད་དེ། ཨ་རིའི་སྲིད་འཛིན་ལས་ཐོག་ཇོ་བཱཡི་ཌེན་མཆོག་གིས་འབྱུང་འགྱུར་བོད་ཀྱི་གནད་དོན་ལ་ངོ་གདོང་ཇི་ལྟར་གཏོད་མིན་དང་། ཨ་རི་དང་བོད་དབར་གྱི་འབྲེལ་བ་ཇེ་ལེགས་སམ་ཇེ་ཞན། ཡང་ན་ལེགས་ཞན་གཉིས་ཀའི་ཆ་དང་མི་ལྡན་པར་རང་གར་གནས་སམ།
གནད་དོན་འདིའི་ཐད་གུས་པས་བོད་མིའི་སྒྲིག་འཛུགས་དང་། གྲོས་ཚོགས་ཀྱི་མཐོ་རིམ་མི་སྣ། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་དབུ་ཁྲིད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་ཡོད་ཕྱི་ནང་དྲྭ་སྟེགས་སོགས་བརྒྱུད་ལམ་སྣ་ཚོགས་བརྒྱུད་ནས་ཤེས་རྟོགས་བྱུང་གསལ། དེ་ཡང་བཙན་བྱོལ་བོད་མི་ཕལ་ཆེ་བས་ཌོ་ནལ་ཊམ་མཆོག་ལས་སྐབས་འདིའི་སྲིད་འཛིན་ཇོ་བཱཡི་ཌེན་མཆོག་ལ་དེ་བས་ཡིད་ཆེས་བློ་འགེལ་བྱེད་ཀྱིན་ཡོད་པ་རེད། ཁོང་ཚོས་བཏོན་གནང་བའི་གཅིག་མཚུངས་ཀྱི་རྒྱུ་མཚན་དག་ནི། ཌོ་ནལ་ཊམ་མཆོག་ནི་གཤིས་རྒྱུད་གྱོང་ཞིང་འགྱུར་ལྡོག་མང་བ། རང་སྣང་གང་དྲན་གནང་རྒྱུར་ཅུང་དགའ་བ་ཞིག་རེད། འོན་ཀྱང་ཇོ་བཱཡི་ཌེན་མཆོག་བབས་ལྷིང་ལྡན་པའི་མི་ཞིག་ཡིན་པ་མ་ཟད། ཁོང་ཌོ་ནལ་ཊམ་མཆོག་དང་མི་འདྲ་ཞིང་སྲིད་དོན་ཐོག་ཕྱག་ལས་ལོ་མང་གནང་ཡོད་པས་ཉམས་མྱོང་ཧ་ཅང་ཆེན་པོ་ཡོད་པ་དང་། ལྷག་པར་ཇོ་བཱཡི་ཌེན་མཆོག་གིས་ཉེ་སྔོན་འོས་བསྡུའི་བྱེད་སྒོའི་ནང་གལ་སྲིད་རང་ཉིད་སྲིད་འཛིན་ལ་འདེམས་ཐོན་བྱུང་ཚེ་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྐྱེ་ཁམས་ཁོར་ཡུག་བཅས་ལ་དོ་ཁུར་བྱ་རྒྱུ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་བྱ་རྒྱུ་མ་ཟད། ཨ་རིའི་སྒྲ་སྐད་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་བཅས་རྒྱ་བསྐྱེད་གཏང་རྒྱུ་སོགས་ཁས་ལེན་གནང་ཡོད། གཞན་ད་དུང་ཇོ་བཱཡི་ཌེན་མཆོག་དེ་སྔ་ཨ་རིའི་སྲིད་འཛིན་གཞོན་པ་གནང་སྐབས་བོད་ཀྱི་གནད་དོན་ཐོག་མངོན་ཚུལ་ཡག་པོ་བྱུང་བས། བཙན་བྱོལ་བོད་མི་ཚོས་ཇོ་བཱཡི་ཌེན་མཆོག་ལ་རེ་བ་གང་འཚམས་འཆང་བཞིན་ཡོད།
སྣང་ཚུལ་དེ་ལྟར་ཡིན་མོད། འོན་ཀྱང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་ལ་གཙོ་བོ་བོད་མི་རིགས་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནས་འགྲུབ་དགོས་ཤིང་། ཕྱི་ཕྱོགས་ཀྱི་རོགས་རམ་མེད་དུ་མི་རུང་ལ་དེ་ཧ་ཅང་གལ་ཆེན་ཡིན་པ་སྨོས་མ་དགོས། ཡིན་ཡང་ཐག་གཅོད་རང་བཞིན་གྱི་ནུས་པ་དེ་བོད་མི་རིགས་རང་ངོས་ནས་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་དགོས་པ་དང་། དེ་བཞིན་རང་མི་རིགས་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ། མི་རིགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ཡིན། དེ་ཡང་མི་རིགས་ཀྱི་ངོས་འཛིན་བསམ་བློ། ཁོངས་གཏོགས་བསམ་བློ། སྤོབས་སེམས་དང་འགན་ཁུར་བསམ་བློ་བཅས་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། འདི་དག་ནི་བོད་མི་རིགས་ཀྱི་གཞི་རྟེན་དང་གོང་འཕེལ་གྱི་མ་རྩ་ཉག་གཅིག་དེ་ཡིན། མི་རྣམས་ཀྱི་ཁ་རྒྱུན་ལ་ ༼ མི་རིགས་ཤིག་གི་བླ་སྲོག་ནི་མི་རིགས་དེའི་སྐད་ཡིག་རིག་གནས་ཡིན། ༽ ཞེས་བརྗོད། འོ་ན་སྐད་ཡིག་རིག་གནས་ཀྱི་བླ་སྲོག་གང་ཡིན་ཞེ་ན། དེ་ནི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་ངོས་འཛིན་བསམ་བློ། སྤོབས་སེམས་བཅས་ཡིན། ཤུགས་དྲག་ལྡན་པའི་མི་རིགས་ཀྱི་འདུ་ཤེས་ཤིག་མེད་ཚེ་མི་རིགས་ཀྱི་རིག་གནས་གོང་འཕེལ་དང་སྲུང་སྐྱོབ་བྱེད་མི་ཐུབ། དེ་བཞིན་མི་རིགས་ཀྱི་སྐད་ཡིག་རིག་གནས་མེད་ན་མི་རིགས་ཀྱི་འདུ་ཤེས་ཀྱང་ཡོད་མི་སྲིད། མི་རིགས་ཀྱི་སྐད་ཡིག་རིག་གནས་དང་མི་རིགས་ཀྱི་འདུ་ཤེས་གཉིས་ནི་ཆར་གྲོགས་ཆུ་དང་ཆུ་གྲོགས་ཆར་ལྟར་གཅིག་གྲོགས་གཅིག་ཕན་ཡིན་སྟབས་གལ་འགངས་ཤིན་ཏུ་ཆེ།
ང་ཚོས་ཤེས་རྟོགས་བྱུང་བ་ཞིག་ནི། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་སྐབས་འགར་བོད་དེ་ཁོ་ཚོ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གསར་འཛུགས་གོང་འཕེལ་དང་། ཡང་ན་ཕྱི་འབྲེལ་ངན་འགྱུར་སྐབས་ཀྱི་ “ཁན་འཇོག” དང་ “ལག་ཆ”ལྟ་བུ་ཞིག་བྱེད་ཀྱི་འདུག དེ་ཡང་རྗེས་ལུས་སམ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དེ་དག་གིས་རྒྱ་ནག་དང་འབྲེལ་བ་འཛུགས་སྐབས་བོད་དེ་དངོས་ཟོག་ལེགས་ཉེས་བརྗེ་རེས་སྐབས་ཀྱི་ཁན་འཇོག་ལྟར། ལོ་རྒྱུས་ཀྱི་དངོས་ཡོད་ལ་མི་བལྟས་བར་ལམ་སང་རྒྱ་ནག་གཞུང་ལ་ “བོད་དེ་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་རེད།” ཅེས་བཤད་དེ་རྒྱ་ནག་གི་བརྩི་མཐོང་ཐོབ་ཐབས་བྱེད་ཀྱི་ཡོད། ཡང་ཡར་ཐོན་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་སོང་རྗེས་བོད་དེ་རྒྱ་ནག་ལ་ཁ་གཏད་གཅོད་བྱེད་ཀྱི་ལག་ཆའི་ཚུལ་དུ་སྤྱོད་བཞིན་ཡོད། གང་ལྟར་བོད་འདི་རྗེས་ལུས་དང་ཡར་ཐོན་གྱི་རྒྱལ་ཁབ་གཉིས་ཀར་སྤྱོད་སྒོ་ཆེ་ཞིང་། ཁོ་ཚོས་ལས་སླ་པོའི་ངང་བོད་འདི་སྐྱུར་ཡོང་བའི་བློ་ཚབ་ང་ཚོར་མེད། ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད༸གོང་ས་མཆོག་གི་ཐད་ནས་ཞུ་ན། དོན་དངོས་ཐོག་རྒྱལ་ཁབ་ཁག་གི་སྲིད་འཛིན་ནམ་སྲིད་བློན་རྣམས་ཀྱིས་ཁོང་དང་མཇལ་འཕྲད་བྱེད་འདོད་ཡོད་མོད། འོན་ཀྱང་ཁོ་ཚོས་སྤྱོད་དྲང་དང་ཁེ་ཕན་གཉིས་ལས་རྒྱུན་དུ་ཕྱི་མ་དེ་ཁེ་ཕན་གདམ་ག་བྱེད་ཀྱི་རེད། འདིར་ངོས་འཛིན་ཞུ་རྒྱུ་ཞིག་ལ། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་མཁན་སུ་ཡིན་ཡང་དེ་ནི་རང་ཉིད་ལ་དྲང་ཕྱོགས་ཀྱི་ནུས་པ་གོང་མཐོར་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཡིན་གཤིས། རྒྱལ་ཁབ་ཀྱི་སྲིད་འཛིན་ནམ་ཡང་ན་མི་དམངས་ཕལ་པ་སུ་ཡིན་རུང་རང་ཉིད་ཀྱིས་སྤྱོད་དྲང་ལ་འགན་ལེན་དང་ཡང་ན་ཀུན་སྤྱོད་ཀྱི་རྩེ་མོར་སོན་པར་འདོད་ན། ཐོག་མར་ཏཱ་ལའི་བླ་མ་མཆོག་གི་སྐུ་དྲུང་དུ་བར་ཐག་ཉེ་རུ་གཏོང་དགོས།
འདས་ཟིན་པའི་ལོ་ཟླའི་ནང་བལྟས་ཚོར་ལ་བོད་ཀྱི་རྒན་རབས་པ་ཚོར་ཆབ་སྲིད་ཐད་སྲིད་ཚོང་པ་རྣམས་ཀྱིས་གཡོ་འཕྲུལ་གང་མང་བསྟན་ནས་ཐམ་ཐོམ་བཟོས། འོན་ཀྱང་བོད་ཀྱི་མི་རབས་གསར་པ་རྣམས་ཆབ་སྲིད་ཀྱི་གོ་རྟོགས་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། སྤྱིར་ཁོང་ཚོ་རྒྱ་ནག་དམར་པོའི་སྒྲིག་འཛུགས་ཀྱི་ཤུགས་ཆེན་གཉའ་གནོན་འོག་ཆབ་སྲིད་དང་རྒྱང་དུ་བྲལ་དགོས་ཤིང་སྨྲ་བརྗོད་ཀྱི་རང་དབང་གཏན་ནས་མེད་པ་སོགས་ཀྱི་གནས་སུ་ལྷུང་ཡོད་མོད། འོན་ཀྱང་བོད་མི་རིགས་ཀྱི་ལོ་རྒྱུས་ལ་འཕྲད་པའི་གོད་ཆག་དང་། ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་འོག་ཁོང་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་གཙོ་བྱས་པའི་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་བཅས་ནི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཁོང་ཚོས་སེམས་གཏིང་ནས་བོད་མི་རིགས་ལ་དགའ་ཞེན་དང་། བོད་ཀྱི་རིག་གནས་ལ་དགའ་ཞེན། ༸གོང་ས་མཆོག་ལ་དགའ་ཞེན། དེ་བཞིན་མི་རབས་ནས་མི་རབས་ལ་གནས་སྡོད་བྱ་ཡུལ་ཁ་བའི་ལྗོངས་ལ་དགའ་ཞེན་བྱེད་ཀྱི་ཡོད། འདི་དག་ནི་བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་བྱས་པའི་ཕྱི་ཕྱོགས་ཀྱི་མི་སྣ་འགས་བོད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་མཆོག་འདས་རྗེས་རང་བཞིན་གྱིས་ཡལ་འགྲོ་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་ཀྱི་བདེན་དཔང་ནི་སྤྱིར་ཏཱ་ལའི་བླ་མ་མཆོག་དགུང་ལོ་མཐོན་པོར་ཕེབས་ཡོད་ཀྱང་བོད་མི་རིགས་ནི་ད་དུང་ཧ་ཅང་ལོ་ན་གཞོན་པ་མ་ཟད། ཏཱ་ལའི་བླ་མ་མཆོག་ཉིན་ཞིག་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་རྒྱུ་ཡིན་ཡང་ཏཱ་ལའི་བླ་མའི་ཡང་སྲིད་ད་དུང་བསྐྱར་དུ་འཇིག་རྟེན་འདིར་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་དང་འགྲོ་བའི་སྡུག་བསྔལ་སེལ་ཆེད། ཡང་སྒོས་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕེབས་ངེས་ཡིན། རྒྱ་ནག་དམར་པོའི་སྲིད་དབང་འདི་རྩ་ཐོར་དུ་སོང་རྗེས་ད་དུང་དམར་པོ་སྲིད་དབང་ལ་ “ཡང་སྲིད”ཅིག་ཐོན་རྒྱུ་དམ།
མདོར་ན། ཉེ་བའི་ལོ་ཤས་རིང་བོད་ཀྱི་གནད་དོན་ལ་དོ་ཁུར་གནང་མཁན་གྱི་རྒྱལ་ཁབ་ཡོད་དོ་ཅོག་ལས་གྲོས་ཚོགས་ཁག་གིས་བོད་དོན་རྒྱབ་སྐྱོར་ནི་རྒྱལ་ཁབ་དེ་དག་གི་སྲིད་འཛིན་ནམ་སྲིད་བློན་རྣམ་པའི་རྒྱབ་སྐྱོར་ལས་ལྷག་པ་ཡིན། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱང་ཕོ་བྲང་དཀར་པོ་ལས་ལྷག་པ་ཡོད། དཔེར་ན། 《བོད་དུ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི།》 དང་ 《༢༠༢༠ ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་གཞི།》 སོགས་འདི་དག་ནི་ཨ་རི་གྲོས་ཚོགས་ཀྱིས་སྣེ་ཁྲིད་འོག་གཏན་འབེབས་མཛད་པ་ཞིག་རེད། བོད་ཀྱི་ངོས་ནས་བཤད་ན་དེ་ནི་དངོས་གནས་བདེན་པའི་རྒྱབ་ལ་དྲང་པོས་ལངས་གསུང་བ་ལྟར་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞིག་རེད། མ་འོངས་པར་སུས་སྲིད་འཛིན་གྱི་ལས་གནས་བཟུང་རུང་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མིན་དང་རྒྱབ་སྐྱོར་གྱི་ཚད་གཞིའི་བཅས་ཀྱི་ཐད་ཚིག་ཐག་བཅད་ནས་བཤད་དཀའ། འདིའི་ནང་འགྱུར་ལྡོག་གི་རང་བཞིན་ཧ་ཅང་མང་པོ་ལྡན་ཡོད། འོན་ཀྱང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་པ་དེར་གཞི་རྩའི་ཆ་ནས་འགྱུར་ལྡོག་མེད་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་རྒྱུན་ཆད་མེད་པ་སྟོབས་ཤུགས་ཆེ་རུ་སོང་བ་དང་བསྟུན་འབྲེལ་ཡོད་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐད་ཀྱི་རྒྱབ་སྐྱོར་སྔར་ལས་ལྷག་པ་ཡོང་རྒྱུར་གདོན་མི་ཟའོ།།
༼གོང་གི་རྩོམ་ཡིག་འདི་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས་ཀྱིས་རང་གི་མ་རྩོམ་རྒྱ་ཡིག་ནས་བོད་སྒྱུར་གནང་བ་ཡིན།༽
གོང་གི་རྩོམ་དེ་བཞིན་སྒེར་གྱི་བསམ་ཚུལ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད།