ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བཅུ་གསུམ་ནས་གཞོན་སྐྱེས་གྲངས་ ༢༨ ལ་བོད་ཁྱིམ་བཟོ་རིག་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་དུ་རྒྱུན་རིང་ལས་རིགས་སྦྱོང་བརྡར་གྱི་སློབ་ཡོན་གནང་ཡོད། གཞོན་སྐྱེས་དེ་དག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ནང་ལས་རིགས་སྦྱོང་བརྡར་འགོ་འཛུགས་གནང་ཡོད།
དེ་ཡང་ལས་གཞི་དེ་ནི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་བོད་ཕྲུག་ཁྱིམ་སྡེ་གཉིས་དབར་མཉམ་ལས་བྱས་ཏེ་བོད་ཁྱིམ་བཟོ་རིག་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་གྱི་ལོ་རེའི་སློབ་བསྡུའི་ཁོངས་ནས་བརྒྱ་ཆ་ ༢༥ ཞིག་ལོ་ལྟར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་གཞིའི་ཆེད་ཟུར་འཇོག་གནང་རྒྱུ་ཡིན། ད་ལྟའི་ཆར་ལོ་རིམ་གཉིས་པའི་ལས་གཞི་དེ་འགྲོ་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ལོ་ལྟར་ས་གནས་འགོ་འཛིན་ལས་ཁུངས་ཁག་བརྒྱུད་ལས་རིགས་སྦྱོང་བརྡར་གྱི་སློབ་ཡོན་གསལ་བསྒྲགས་གནང་སྟེ་ལས་རིགས་ལ་དགའ་མོས་ཡོད་པའི་གཞོན་སྐྱེས་རྣམས་འདེམས་སྒྲུག་གནང་གི་ཡོད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་ལས་མེད་རྣམས་ཀྱི་དཀའ་ངལ་སེལ་ཆེད་དང་། དེ་བཞིན་སློབ་གྲྭར་འགྲིམས་ཀྱང་མཐར་མ་ཕྱིན་པའི་གཞོན་སྐྱེས་རྣམས་ཀྱི་དགོས་མཁོ་སྒྲུབ་ཆེད་ཡིན།
ལས་གཞི་འདིའི་ཁོངས་སུ་སྡོད་གནས་དང་། ཞལ་ལག དཔེ་མཛོད། དྲ་རྒྱ། རྩེད་རིགས་འདྲ་མིན་སོགས་ཀྱི་མཐུན་རྐྱེན་ཡང་ཡོད།
ཕྱི་ལོ་ ༢༠༡༩ ལོའི་ལོ་རིམ་དང་པོའི་ལས་གཞིའི་ཁོངས་སུ་འདེམས་སྒྲུག་གནང་བའི་གཞོན་སྐྱེས་གྲངས་ ༡༣ རྣམས་ཀྱི་ལས་རིགས་སྦྱོང་བརྡར་ཆ་ཚང་བསྒྲུབས་ཡོད་པ་དང་། གཞོན་སྐྱེས་དེ་དག་མགྱོགས་མྱུར་སྤྱི་ཆོགས་ཀྱི་ལས་རིགས་ཁག་ནང་ཞུགས་རྒྱུ་ཡིན།
ལས་རིགས་སྦྱོང་བརྡར་གྱི་ལས་གཞི་དེ་ནི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། བོད་ཀྱི་ཐེབས་རྩ་ཁང་ (Tibet Fund) གཉིས་བརྒྱུད་ཨ་རིའི་རོགས་ཚོགས་ (USAID) ནས་རོགས་དངུལ་གནང་བ་ཞིག་ཡིན་པ་བཅས།